བོད་ཀྱི་མཛེས་ལྗོངས་ཁུལ་བརྒྱད་རྒྱལ་ཁབ་ཀྱི་ཀ་པ་རིམ་པ་བཞི་པའི་དཔྱད་བསྡུར་གཏན་འབེབས་ཀྱི་ཚད་གཞི་ལོན།བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཐོན་ཁུངས་དང་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རིགས་གཅིག་མཁས་ཅན་གྱིས་མགྲིན་གཅིག་ཏུ་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། བོད་ལྗོངས་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་དང་རྒྱ་བཟའ་ཀོང་ཇོའི་བོད་ཀྱི་རིག་གནས་ཡུལ་སྲོལ་གླིང་མཛེས་ལྗོངས་ཁུལ། མིད་སྟོད་འཁྱགས་རོམ་ཡུལ་སྐོར་མཛེས་ལྗོངས་ཁུལ། མཁའ་ལྡིང་ཡུལ་སྐོར་མཛེས་ལྗོངས་ཁུལ། ཁྲ་དབྲུག་དགོན་ཡུལ་སྐོར་མཛེས་ལྗོངས་ཁུལ། སྤོ་བོ་རྫོང་ཐོག་ཁང་དམར་པོའི་མུ་འབྲེལ་གསར་བརྗེའི་མཛེས་ལྗོངས་ཁུལ། ཡུལ་སྨད་རང་བྱུང་རིག་སྐྲུན་མཛེས་ལྗོངས་ཁུལ། གཞིས་རྩེའི་ཇོ་རིའི་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་སྟོན་ཚོགས་གླིང་བཅས་མཛེས་ལྗོངས་ཁུལ་བརྒྱད་རྒྱལ་ཁབ་ཀྱི་ཀ་པ་རིམ་པ་བཞི་པའི་མཛེས་ལྗོངས་ཁུལ་གྱི་དཔྱད་བསྡུར་གཏན་འབེབས་ཀྱི་ཚད་གཞི་ལོན་ཡོད། མཛེས་ལྗོངས་ཁུལ་བརྒྱད་པོ་དེའི་ནང་ནས་རྒྱ་བཟའ་ཀོང་ཇོའི་བོད་ཀྱི་རིག་གནས་གོམས་སྲོལ་གླིང་མཛེས་ལྗོངས་ཁུལ་འདི་ཉིད་རང་ལྗོངས་ཀྱི་རིག་གནས་འཁྲབ་སྟོན་སྒྱུ་རྩལ་གྱིས་གཙོ་དོན་བྱེད་པའི་རྒྱལ་ཁབ་ཀྱི་ཀ་པ་རིམ་པ་བཞི་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཐོག་མ་དེར་གྱུར་བ་རེད། རང་སྐྱོང་ལྗོངས་ཡུལ་སྐོར་གོང་འཕེལ་ཐིང་གིས་ཐེངས་འདིའི་དཔྱད་བསྡུར་གཏན་འབེབས་ཀྱི་ཚད་གཞི་ལོན་པའི་རྒྱལ་ཁབ་ཀྱི་ཀ་པ་རིམ་པ་བཞི་པའི་མཛེས་ལྗོངས་ཁུལ་དེ་དག་གིས། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཡུལ་སྐོར་བྱེད་ནུས་འཐུས་སྒོ་ཚང་དུ་བཏང་སྟེ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་དོ་དམ་ཚད་ལྡན་དང་ཞབས་ཞུ་ཞིབ་ཚགས་སྤེལ་ནས། ཡིད་དབང་འགུག་ནུས་དང་འགྲན་རྩོད་བྱེད་ནུས་ཅུང་ཆེན་པོ་ཞིག་ཆགས་པ་བྱས་ཏེ་ས་ཆ་དེ་གའི་ཡུལ་སྐོར་གོང་འཕེལ་ལ་ཕན་འབྲས་ཐོན་པ་བྱེད་རྒྱུ་རེད། |