ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། མཉམ་སྐྲུན་མཉམ་སྤྱོད་ནང་དམངས་ཡོངས་ལ་ཐོབ་སྣང་དེ་བས་མང་བ་ཡོང་རྒྱུ་འགན་སྲུང་ཐུབ་ཡོད་ཅེས་བཏོན་ཡོད། ཚོགས་ཆེན་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་རྣམ་པས་ཉེ་འགྲམ་གྱི་འགྱུར་ལྡོག་གསར་པ་གླེང་བ་དང་གོང་འཕེལ་གྱི་གྲུབ་འབྲས་གསར་པ་མཉམ་སྤྱོད་གནང་བ། ཐོབ་སྣང་ལྷུག་པོར་གླེང་བ་བཅས་གནང་བ་རེད།
ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་འདས་ཟིན་པའི་ལོ་ལྔའི་རིང་མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་དམངས་ཕན་བྱ་ཐབས་མང་པོ་ཞིག་དོན་འཁྱོལ་བྱུང་ནས། མི་དམངས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་བཏོན་པ་རེད།
ཚོགས་ཆེན་བཅུ་དགུ་པའི་འཐུས་མི། ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མག་མག་མོན་པ་མི་རིགས་ཤང་སྤྱི་ཁྱབ་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ། ཤང་ཀྲང་པད་མ་དབྱངས་ཅན་ནས་མྱོང་ཚོར་ཟབ་མོའི་ངང་འདས་ཟིན་པའི་ལོ་ལྔ་ནི་ང་ཚོ་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་གོང་འཕེལ་མགྱོགས་ཤོས་ཀྱི་ལོ་ལྔ་ཡིན་པ་དང་། མཐའ་མཚམས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་སྒྱུར་བཅོས་སྒོ་དབྱེའི་འབྲས་བུ་ང་ཚོ་ཚང་མས་ལོངས་སྤྱོད་ཐུབ་ཡོད་ལ་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་ཡང་འགྱུར་ལྡོག་བྱུང་ཡོད་པས། འདས་ཟིན་པའི་ལོ་ལྔ་ནི་ང་ཚོའི་ངོས་ནས་བཤད་ན་སྐྱིད་སྣང་དང་ཐོབ་སྣང་ཀྱིས་ཁེངས་པའི་ལོ་ལྔ་ཡིན་ཞེས་གསུངས་པ་རེད། ཚོགས་ཆེན་བཅུ་དགུ་པའི་འཐུས་མི། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་འཇོ་མདའ་གྲོང་རྡལ་སྐར་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལྷ་མཚོ་ནས་ལོ་ལྔའི་རིང་ང་ཚོའི་གྲོང་མི་ཚོའི་སྡོད་ཁང་དང་འགྲིམ་འགྲུལ་སོགས་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ་དང་མང་ཚོགས་ཀྱི་འཚོ་བ་ཡང་ཡག་ཏུ་ཕྱིན་ཡོད། ངས་ཀྱང་རྒྱུན་དུ་གྲོང་མིའི་ཚོགས་འདུ་ཚོགས་སྐབས་ཏང་གི་སྲིད་ཇུས་བཟང་པོ་སྒྲོག་འགྲེལ་ཧུར་ཐག་བྱེད་ཀྱི་ཡོད། ང་ཚོའི་གྲོང་ཚོའི་ཕྱོགས་གང་ཐད་ལ་གོང་འཕེལ་དེ་བས་ཆེ་བ་ཡོང་རྒྱུ་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་འདས་ཟིན་པའི་ལོ་ལྔའི་རིང་སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པ་དང་། དབུས་ནུབ་རྒྱུད་དང་གྲོང་གསེབ་ཀྱི་སློབ་གསོར་ཤུགས་སྣོན་མངོན་གསལ་དོད་པོ་ཐེབས་ཡོད་ཅེས་བཏོན་པ་རེད།
ཚོགས་ཆེན་བཅུ་དགུ་པའི་འཐུས་མི། སློབ་གསོའི་འཐབ་ས་དང་པོར་ཕྱག་ལས་ལོ ༢༣ གནང་མྱོང་བའི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སློབ་འབྲིང་གི་དགེ་རྒན་པ་སྒྲོན་ནས། ང་ཚོ་སྟོད་ལུང་ཆུས་ཀྱིས་ནོར་སྲིད་ཡོང་འབབ་ཡོངས་ཀྱི་བརྒྱ་ཆ ༢༠ སློབ་གསོའི་ཐད་བཏང་ནས། སློབ་གསོར་ལེགས་བཅོས་ཆེན་པོ་བྱུང་ཡོད་པས་སློབ་མ་དང་ཁྱིམ་བདག་ཚོས་སེམས་ཁྲལ་གང་ཡང་བྱེད་དགོས་ཀྱི་མེད་ཅེས་གསུངས་པ་རེད། ལོ་ལྔའི་རིང་རང་ལྗོངས་ཀྱིས་ནོར་སྲིད་ཀྱི་བརྒྱ་ཆ ༧༠ དམངས་འཚོའི་ཐད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་འཚོ་བ་ལེགས་བཅོས་ཟམ་མི་ཆད་པ་བཏང་བས་མང་ཚོགས་ཀྱི་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་རེད།
ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དམངས་འཚོའི་སྐྱིད་སྣང་ཆེ་རུ་གཏོང་རྒྱུ་དེ་ནི་གོང་འཕེལ་གྱི་རྩ་བའི་དམིགས་ཡུལ་ཡིན་པས་ངེས་པར་དུ་དམངས་འཚོར་ཕན་པའི་བྱ་ཐབས་མང་ཙམ་འཚོལ་ཞིབ་བྱེད་པ་དང་། དམངས་འཚོའི་ཐད་ཀྱི་དཀའ་ངལ་མང་ཙམ་སེལ་ཏེ་གོང་འཕེལ་གཏོང་བའི་ཁྲོད་དམངས་འཚོའི་ཐད་ཀྱི་ཆད་སྐྱོན་གསབ་པ་དང་སྤྱི་ཚོགས་འདྲ་མཉམ་དང་དྲང་བཞག་ཡོང་རྒྱུར་སྐུལ་འདེད་བཏང་ཐོག བྱིས་དུས་ནས་བུ་བཅོལ་སློབ་གསོ་མྱོང་རྒྱུ་ཡོད་པ་དང་སློབ་གྲྭར་ཕྱིན་རྗེས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ནད་བསྟེན་ས་ཡོད་པ། རྒས་དུས་གསོ་མཁན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། སྐྱོ་བར་རོགས་སྐྱོར་བྱེད་མཁན་ཡོད་པ་བཅས་ཐད་ལེགས་བཅོས་ཆེན་པོ་ཡོང་བ་བྱེད་དགོས་ཞེས་བཏོན་པ་རེད།
ཚོགས་ཆེན་བཅུ་དགུ་པའི་འཐུས་མི། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་བུད་མེད་དང་བུ་བཙའི་ཚན་ཁག་གི་ཀྲུའུ་རེན་ཚེ་རིང་དཔལ་སྒྲོན་ནི་ཏང་གི་འཐུས་མིའི་བགྲོད་ལམ་ནང་ཕེབས་མཁན་རང་ལྗོངས་ཀྱི་འཐུས་མི་གཅིག་པུ་དེ་ཡིན་པ་རེད། བོད་ཀྱི་གཞི་རིམ་སྨན་བཅོས་བྱ་གཞག་གོང་འཕེལ་ཐད་ཀྲུང་གོ་གཞོན་ནུའི་ཚགས་པར་ཁང་གི་གསར་འགོད་པའི་དྲི་བར་ལན་བསྐྱོན་སྐབས། ཁོང་གིས་སྤོབས་སེམས་ཆེན་པོའི་ངང་དེ་སྔོན་སྨན་བཅོས་ཆ་རྐྱེན་ཞན་ཙམ་ཡིན་པ་དང་འགྲིམ་འགྲུལ་དེ་ཙམ་སྟབས་བདེ་པོ་མེད་པའི་ཁར་མང་ཚོགས་ཀྱིས་དུས་ཐོག་ཏུ་སྨན་པ་བསྟེན་པའི་འདུ་ཤེས་ཞན་ཙམ་ཡིན། ད་ཆ་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱུང་བས་བདེ་ཐང་གི་འདུ་ཤེས་ཀྱང་ཆེ་རུ་ཕྱིན་པ་མ་ཟད། རྒྱལ་ཁབ་ནས་སྨན་བཅོས་བདེ་སྲུང་ཐད་ཀྱི་སྲིད་ཇུས་བཟང་པོ་མང་པོ་བཏོན་ཡོད་པས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཐད་གོང་འཕེལ་ཆེན་པོ་བྱུང་ནས་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་ནུས་ལྡན་བྱུང་ཡོད། སླད་ཕྱིན་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུ་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
བློ་མཐུན་ཞི་ཅིན་ཕིང་ནས་མི་དམངས་ཀྱི་བདེ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་འབད་འཐབ་དམིགས་ཚད་རེད་ཅེས་གསུངས་མྱོང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གོང་འཕེལ་ཁྲོད་དམངས་འཚོ་ལེགས་བཅོས་དང་འགན་སྲུང་བྱེད་རྒྱུ་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་མཛད་ཇུས་གྲས་སུ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་བཏོན་པ་དེའི་ཐོག་ནས། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་སླར་ཡང་མངོན་ཡོད་ལ་འཐུས་མི་རྣམ་པའི་སེམས་ཤུགས་ཀྱང་འཕེལ་ཐུབ་ཡོད།
ཚོགས་ཆེན་བཅུ་དགུ་པའི་འཐུས་མི། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སློབ་འབྲིང་གི་དགེ་རྒན་པ་སྒྲོན་གྱིས་སྙན་སྒྲོན་ནང་རང་རའི་ཏང་གིས་མི་དམངས་མང་ཚོགས་ཀྱི་དོན་ཆུང་རྣམས་ཏང་གི་དོན་ཆེན་དང་མི་དམངས་ཀྱི་འདུན་པར་བརྩི་དགོས་པ་དང་རང་རེའི་ཏང་གིས་སྒྲུབ་དགོས་པའི་བྱ་བར་བརྩི་དགོས་ཞེས་བཏོན་ཡོད་པས་ང་རང་ལ་ཡང་སྐུལ་མ་ཆེན་པོ་ཐེབས་བྱུང་ཞེས་གསུངས་པ་རེད།།