您没有安装FlashPlayer或版本太低, 请点击获得最新版本FlashPlayer
རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་གྲངས་གཞི་གསར་ཤོས་ཐོག་ནས་མངོན་པར་གཞིགས་ན། དེང་སྐབས་རང་ལྗོངས་སུ་ཚེ་རིང་ལོ་བརྒྱ་ཟིན་པའི་རྒན་རྒོན ༩༤ ཡོད་པ་དེ་རྒྱལ་ཡོངས་ཁྱོན་ནང་མི་འབོར་ཁྲི་ཚོ་བརྒྱ་རེའི་ནང་ལོ་བརྒྱ་ཡན་ཟིན་པའི་རྒན་རྒོན་གནས་ཚད་མང་ཤོས་ཡིན་པའི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་སྨན་བཅོས་ཆ་རྐྱེན་ལེགས་བཅོས་བྱུང་བ་དང་བསྟུན་ནས། རང་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་རྒྱུན་ཆད་མེད་པར་རིང་དུ་ཕྱིན་ནས་ཚེ་རིང་རྒན་རྒོན་གྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་རྒན་རྒོན་མང་པོའི་ཚེ་རིང་ལོ་བརྒྱའི་འདུན་པ་སྒྲུབ་བཞིན་ཡོད།
གསར་འགོད་པས་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་བར་རང་ལྗོངས་སུ་ལོ་དྲུག་ཅུ་ཡན་ཟིན་པའི་བགྲེས་སོང་ཁྲི་ཚོ ༢༥.༣༩༩༨ ཡོད་པའི་ནང་ལོ ༨༠ ཡན་ཟིན་པའི་རྒན་རྒོན་ཁྲི ༢.༧༨༦༦ ཡོད་པ་དེས་ལྗོངས་ཡོངས་ཀྱི་སྤྱིའི་མི་འབོར་གྱི་བརྒྱ་ཆ ༨.༡༤ ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གཏོད་ཡོད། རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཧའེ་ཡིས། སྨན་བཅོས་དང་འཕྲོད་བསྟེན་བྱ་གཞག་རྒྱུན་ཆད་མེད་པར་གོང་འཕེལ་ཕྱིན་པ་དང་རྒན་གསོའི་འགན་བཅོལ་ལམ་ལུགས་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས། བོད་ཀྱི་བོད་རིགས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་རིང་པོ་ཡོང་རྒྱུར་འགན་སྲུང་ནུས་ལྡན་བྱས་ཡོད་པ་དང་། རང་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་དེ་ལོ ༥༠ ཡི་གོང་གི་ལོ ༣༥ ལྷག་ཙམ་ནས་ད་ལྟའི་ལོ ༦༨ ལྷག་ཙམ་བར་རིང་དུ་ཕྱིན་ཡོད་ཅེས་གསུངས་པ་རེད།
བསྡོམས་རྩིས་རྒྱབ་པར་གཞིགས་ན། ཉེ་བའི་ལོ་ལྔའི་རིང་ཀྲུང་དབྱང་ནོར་སྲིད་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར ༤༠ ཙམ་བཏང་སྟེ། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་ཡོང་རྒྱུར་རྒྱབ་སྐྱོར་བྱས་པ་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་སྨན་བཅོས་ཞབས་ཞུའི་མ་ལག སྨན་རྩིས་ཁང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཡོད་པས། གྲོང་ཚོ་རེར་འཕྲོད་བསྟེན་ཁང་རེ་ཡོད་པའི་དམིགས་ཚད་བསྒྲུབས་ཡོད་པ་རེད། དེ་དང་ཆབས་ཅིག་རང་ལྗོངས་སུ་རྒྱལ་ཡོངས་ཀྱི་སྔོན་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ལ། ནད་གཞི་བསྟེན་ས་ཡོད་པ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ནང་ཞུགས་ཚད་ཀྱང་བརྒྱ་ཆ ༡༠༠ ཟིན་ཡོད། ལོ་བཅུ་གཅིག་བསྟུད་མར་ལེགས་སྒྲིག་བྱས་པ་བརྒྱུད་རང་ལྗོངས་ཀྱི་ཁེ་ལས་ཁག་གི་རྒན་ཡོལ་ཞུས་པའི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་དངུལ་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར ༣༣༣༨ ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས ༦༦ ཙམ་གྱི་མཐོ་བ་ཡོད་པ་རེད།
རྒན་རྒོན་རྣམས་བདེ་ཐང་དང་དྲོ་སྐྱིད་ལྡན་པའི་ངང་འཚོ་བ་སྐྱེལ་ཐུབ་པ་ཡོང་ཆེད། རང་ལྗོངས་ཀྱིས་ཉེ་བའི་ལོའི་ནང་སྤྱི་ཚོགས་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་སྤེལ་ཤུགས་ཆེན་བཏང་ནས། རྒན་གསོའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་བཟོས་པ་དང་། སྔ་རྗེས་སུ་རྒན་རྒོན་གྱི་བྱེད་སྒོ་ལྟེ་གནས ༢༨ དང་ཤང་དང་གྲོང་རྡལ་གྱི་རྒན་གསོ་ཁང་ ༡༧༤ དེ་བཞིན་ས་ཁུལ་དང་རྫོང་གི་བགྲེས་སོང་བདག་སྐྱོང་ཁང་ ༡༧ བཅས་སྐྲུན་ཡོད་པས་རྒན་རྒོན་ཚོའི་གཞི་རྩའི་འཚོ་བར་འགན་སྲུང་ནུས་ལྡན་ཐུབ་ཡོད་པ་རེད། གཞན་ཡང་། ལྗོངས་ཡོངས་ཀྱི་ལོ ༨༠ ཡན་ཟིན་པའི་རྒན་རྒོན་གྱི་ལོ་ཚད་མི་འདྲ་བར་གཞིགས་ཏེ་ལོ་ལྟར་མི་རེར་སྒོར ༣༠༠ དང་སྒོར ༥༠༠ སྒོར ༨༠༠བཅས་ཀྱི་བདེ་ཐང་ཁ་གསབ་རོགས་དངུལ་སྤྲོད་ཀྱི་ཡོད་པ་དང་། ལོ ༧༠ ཡན་ཟིན་པའི་བགྲེས་སོང་ལ་གཟིགས་སྐྱོང་ལག་ཁྱེར་སྤྲད་ཡོད་པས་ལག་ཁྱེར་དེར་བརྟེན་ནས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་འགྲོ་སྐྱོད་དང་སྨན་བཅོས། ཡུལ་སྐོར་སོགས་ཀྱི་གཟིགས་སྐྱོང་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད།།