您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཚེས ༡༡ ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བྱམས་པ་ཕུན་ཚོགས་ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་དུ་རྟོག་ཞིབ་གནང་བར་ཕེབས་ནས། འཐབ་ཕྱོགས་དང་པོའི་གསར་འགོད་པ་དང་རྩོམ་སྒྲིག་པར་བྱམས་བརྩེའི་ངང་གཟིགས་པ་དང་འཚམ་འདྲི་གནང་བ་རེད།
ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་གི་ལས་བྱེད་ལས་བཟོ་པ་ཡོངས་ཀྱིས་བྱམས་པ་ཕུན་ཚོགས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། བྱམས་པ་ཕུན་ཚོགས་སྨྱན་སྦྱོར་གསར་པའི་ལྟེ་གནས་དང་གཞུང་ལས་ཁུལ་དུ་ཕེབས་ནས་ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་བཙུགས་ནས་ལོ ༦༤ འཁོར་ཚུན་གྱི་པར་རིས་འགྲེམས་སྟོན་དང་། གཏོང་སྤེལ་བྱས་པའི་གསར་འགྱུར་ཁག་སྨྱན་སྦྱོར་ཐད་སྤྱོད་པའི་རིགས་ཀྱི་འགྲེམས་སྟོན་ཆེད་སྒྲོམ་ལ་གཟིགས་སྐོར་གནང་བ་མ་ཟད། ལས་ཀ་བྱེད་བཞིན་པའི་ལས་དོན་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་རེད། གསར་འགོད་པ་དང་རྩོམ་སྒྲིག་པ་བཅས་དང་བཞུགས་མོལ་གནང་སྐབས་བྱམས་པ་ཕུན་ཚོགས་ཀྱིས། ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་གི་ལས་ཀར་ཁས་ལེན་གང་ལེགས་གནང་བ་དང་། བཞི་པའི ༢༥ ཉིན་གྱི་ཡོམ་འགོག་གེགས་སེལ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ ༥༠ འཁོར་བའི་རྟེན་འབྲེལ་བྱེད་སྒོའི་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགྱུར་གཏོང་སྤེལ་ལས་ཀར་གདེང་འཇོག་མཐོ་པོ་གནང་བ་རེད།
བྱམས་པ་ཕུན་ཚོགས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་གི་ལས་དོན་ཡོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་བིང་གི་གལ་ཆེའི་གསུངས་བཤད་རབ་དང་རིམ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ལ་དུས་རབས་ཀྱི་དོན་སྤྱི་གསར་པ་རྒྱུན་ཆད་མེད་པར་སྣོན་ཏེ། བློ་དཀར་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་ཕྱོགས་སྟངས་འཛིན་ཡག་པོ་བྱེད་པ། ཡང་འབད་བསྐྱར་འབད་དང་གྲུབ་འབྲས་གསར་པ་སླར་ཡང་གཏོད་པ་བཅས་བྱས་ཏེ། བོད་ཀྱི་བསྒྱུར་འཕེལ་བརྟན་གསུམ་ལ་མུ་མཐུད་སྐུལ་མ་གཏོང་བ་དང་དགའ་འབོད་བྱེད་པ། གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་གཏོད་པ་བཅས་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།།