带格式文本

བོད་རང་སྐྱོང་ལྗོངས་ཀྱི་སྐུད་མེད་གློག་འཕྲིན་གྱི་དོ་དམ་སྲོལ་ཡིག

(2014ལོའི་ཟླ་3ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2021ལོའི་ཟླ་4ཚེས་1ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་ཐོག་དག་བཅོས་བྱས་པ)

 

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

 

〔2021〕ཡིག་ཨང་2པ།

 

《བོད་རང་སྐྱོང་ལྗོངས་ཀྱི་སྐུད་མེད་གློག་འཕྲིན་གྱི་དོ་དམ་སྲོལ་ཡིག》འདི་2021ལོའི་ཟླ་4ཚེས་1ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་ཐོག་དག་བཅོས་བྱས་ཏེ་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ་དང་། 2021ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་པར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

 

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

 

2021ལོའི་ཟླ་4ཚེས་1ཉིན།

 

དཀར་ཆག

 

ལེའུ་དང་པོ། སྤྱིའི་རྩ་དོན།

 

ལེའུ་གཉིས་པ། སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་ལ་དོ་དམ་བྱེད་ཕྱོགས་སྐོར།

 

ལེའུ་གསུམ་པ། སྐུད་མེད་གློག་འཕྲིན་ཁང་(ས་ཚུགས)ལ་དོ་དམ་བྱེད་ཕྱོགས་སྐོར།

 

ལེའུ་བཞི་པ། སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་ལ་དོ་དམ་བྱེད་ཕྱོགས་སྐོར།

 

ལེའུ་ལྔ་པ། སྐུད་མེད་གློག་འཕྲིན་ལ་ལྟ་ཞིབ་ཚད་ལེན་དང་གློག་རླབས་ཀྱི་སྒྲིག་ལམ་སྲུང་ཕྱོགས་སྐོར།

 

ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲིའི་སྐོར།

 

ལེའུ་བདུན་པ། ཞར་བྱུང་།

 

ལེའུ་དང་པོ། སྤྱིའི་རྩ་དོན།

 

དོན་ཚན་དང་པོ། སྐུད་མེད་གློག་འཕྲིན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དང་། བར་སྣང་གི་གློག་རླབས་སྒྲིག་ལམ་སྲུང་སྐྱོང་བྱེད་རྒྱུ། སྐུད་མེད་གློག་འཕྲིན་གྱི་ཟློས་ཤལ་ཐོན་ཁུངས་བེད་སྤྱོད་ནུས་ལྡན་བྱེད་རྒྱུ། སྐུད་མེད་གློག་འཕྲིན་གྱི་ལས་སྒོ་རྒྱུན་གཏན་བཞིན་སྤེལ་ཐུབ་པ་བྱེད་རྒྱུ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུད་མེད་གློག་འཕྲིན་གྱི་དོ་དམ་སྲོལ་ཡིག》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།

 

དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་དུ་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་བེད་སྤྱོད་བྱེད་པ་དང་། སྐུད་མེད་གློག་འཕྲིན་ཁང་(ས་ཚུགས)གསར་འཛུགས་དང་བེད་སྤྱོད་བྱེད་པ། སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་ཞིབ་འཇུག་བཟོ་འདོན་དང་། ཐོན་སྐྱེད། ནང་འདྲེན། ཕྱིར་འཚོང་། ཉམས་བཟོ་བཅས་བྱེད་པ། ཟེར་འགྱེད་སྐུད་མེད་གློག་རླབས་ཀྱི་སྐུད་མེད་གློག་འཕྲིན་མིན་པའི་སྒྲིག་ཆས་བེད་སྤྱོད་བྱེད་པ། སྐུལ་མེད་གློག་འཕྲིན་ལ་ལྟ་ཞིབ་ཚད་ལེན་བྱེད་པ། དེ་བཞིན་འབྲེལ་ཡོད་ལྟ་སྐུལ་དོ་དམ་གྱི་བྱེད་སྒོ་སྤེལ་བ་བཅས་ཀྱི་སྐབས་སུ་ངེས་པར་དུ་སྲོལ་ཡིག་འདིར་བརྩི་སྲུང་ཞུ་དགོས།

 

དོན་ཚན་གསུམ་པ། སྐུད་མེད་གློག་འཕྲིན་གྱི་ཟློས་ཤལ་ཐོན་ཁུངས་ནི་རྒྱལ་ཁབ་ལ་དབང་བ་ཡིན་པས། དེར་གཅིག་གྱུར་འཆར་འགོད་དང་། ལུགས་མཐུན་གསར་སྤེལ། རིན་ཡོད་བེད་སྤྱོད་བཅས་བྱེད་རྒྱུ། སྐུད་མེད་གློག་འཕྲིན་གྱི་དོ་དམ་ལས་དོན་ལ་ངེས་པར་དུ་ཏང་གི་འགོ་ཁྲིད་དང་། སྲིད་གཞུང་གི་གཙོ་ཁྲིད། ལས་བགོས་འགན་འཁུར། ཚན་རིག་དང་མཐུན་པའི་དོ་དམ། ཐོན་ཁུངས་སྲུང་སྐྱོབ། བདེ་འཇགས་འགན་སྲུང་། གོང་འཕེལ་ལ་སྐུལ་འདེད་བཅས་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་དགོས།

 

དོན་ཚན་བཞི་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐུད་མེད་གློག་འཕྲིན་གྱི་བྱ་གཞག་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་འགོད་ནང་འཇུག་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཀྱི་སྐུད་མེད་གློག་འཕྲིན་བྱ་གཞག་གོང་འཕེལ་གཏོང་རྒྱུའི་འཆར་འགོད་བཟོ་སྒྲིག་བྱེད་འགན་འཁུར་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐུད་མེད་གློག་འཕྲིན་གྱི་དོ་དམ་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ཚན་རིག་དང་། ལུགས་མཐུན། ནུས་ལྡན་བཅས་ཀྱི་སྒོ་ནས་སྐུད་མེད་གློག་འཕྲིན་གྱི་ཟློས་ཤལ་ཐོན་ཁུངས་བེད་སྤྱོད་དང་། སྐུད་མེད་གློག་འཕྲིན་གྱི་ལག་རྩལ་གསར་པ་དང་ལས་སྒོ་གསར་པ་སྤྱོད་རྒྱུར་ཁྲིད་སྟོན་དང་། སྐུལ་ལྕག རྒྱབ་སྐྱོར་བཅས་བྱས་ཏེ་དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་སྲུང་འཛུགས་སྐྱོང་བཅས་ལ་ཞབས་འདེགས་ཞུ་དགོས་པ་མ་ཟད། སྐུད་མེད་གློག་འཕྲིན་གྱི་བྱ་གཞག་གོང་འཕེལ་གཏོང་བའི་འཆར་འགོད་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་དགོས།

 

དོན་ཚན་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དམག་དཔུང་དང་ས་གནས་ཀྱི་སྐུད་མེད་གློག་འཕྲིན་ལ་དོ་དམ་བྱེད་པའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས་སྐུད་མེད་གློག་འཕྲིན་ལ་དོ་དམ་བྱེད་པའི་དམག་དམངས་མཉམ་འདྲེས་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཟློས་ཤལ་ཐོན་ཁུངས་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དམག་དཔུང་དང་ས་གནས་ཀྱི་སྐུད་མེད་གློག་འཕྲིན་ལ་མཉམ་དུ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མཐའ་མཚམས་ས་ཁུལ་གྱི་སྐུད་མེད་གློག་འཕྲིན་གྱི་སྒྲིག་བཀོད་དང་སྒྲིག་ཆས་བཟོ་འཛུགས་དང་ཤེས་ལྡན་པ་བསྐོ་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུའི་དགོས་མཁོར་གཞིགས་ཏེ་མཐའ་མཚམས་ས་ཁུལ་གྱི་སྐུད་མེད་གློག་འཕྲིན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། དོན་ཚན་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་དམག་དོན་ཁོངས་གཏོགས་ཕུད་པའི་ལྗོངས་ཡོངས་ཀྱི་སྐུད་མེད་གློག་འཕྲིན་གྱི་དོ་དམ་ལས་ཀའི་འགན་འཁུར་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་ནས་ས་གནས(གྲོང་ཁྱེར)ལ་བཙུགས་པའི་མངགས་གཏོང་ལས་ཁུངས་ཀྱིས་སྲོལ་ཡིག་འདིའི་གཏན་འབེབས་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱི་དབང་སྤྲོད་གཞིར་བཟུང་འགན་འཁུར་རྒྱུ། རྫོང་རིམ་མི་དམངས་སྲིད་གཞུང་དཔལ་འབྱོར་དང་ཆ་འཕྲིན་ཅན་གྱི་གཙོ་འགན་སྡེ་ཚན་ནམ་ཡང་ན་གོང་འཕེལ་དང་བསྒྱུར་བཅོས་སྡེ་ཚན་གྱིས་རང་སྐྱོང་ལྗོངས་སྐུད་མེད་གཙོ་འགན་སྡེ་ཚན་དང་ས་གནས(གྲོང་ཁྱེར)ལ་བཙུགས་པའི་མངགས་གཏོགས་ལས་ཁུངས(གཤམ་དུ་སྤྱི་མིང་ལ་སྐུད་མེད་གཙོ་འགན་སྡེ་ཚན་ཞེས་བརྗོད་རྒྱུ)ཀྱིས་སྐུད་མེད་གློག་འཕྲིན་གྱི་དོ་དམ་ལས་དོན་ཡག་པོ་སྒྲུབ་པར་རོགས་རམ་དང་གཞོགས་འདེགས་བྱེད་རྒྱུ་མ་ཟད། སྲིད་འཛིན་ས་ཁོངས་དེ་གའི་སྐུད་མེད་གློག་འཕྲིན་ལ་དོ་དམ་བྱེད་པའི་ལས་དོན་ཁྲོད་ཀྱི་འབྲེལ་ཡོད་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱེད་རྒྱུ། སློབ་གསོ་དང་། སྤྱི་བདེ། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འཕྲལ་བསྟུན་དོ་དམ། ཁྲོམ་ར་ལྟ་སྡོམ། གནམ་གཤིས། རླུང་འཕྲིན་བརྙན་འཕྲིན། འཕྲིན་གཏོང་དོ་དམ། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་འབྲེལ་ཡོད་སྡེ་ཚན་དང་ཚན་པས་ངེས་པར་དུ་རང་སོ་སོའི་འགན་འཁྲི་གཞིར་བཟུང་སྐུད་མེད་གློག་འཕྲིན་ལ་དོ་དམ་བྱེད་པའི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།

 

དོན་ཚན་བདུན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་སྤྱི་པའི་ཞབས་ཞུའི་སྐུད་མེད་གློག་འཕྲིན་ཁང(ས་ཚུགས)དང་སྤྱི་དམངས་ཀྱི་སྒུལ་འཁྱེར་འཕྲིན་གཏོང་སྦྲེལ་ཚུགས་ཀྱི་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་བྱེད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་སྐུད་མེད་གློག་འཕྲིན་གྱི་ཟློས་ཤལ་ཐོན་ཁུངས་དང་། སྦྲེལ་ཚུགས། འཕྲིན་གཏོང་ཁང(ས་ཚུགས)བཅས་བེད་སྤྱོད་བྱེད་པའི་ནུས་ཕྱོད་ཆེ་རུ་གཏོང་བ་དང་། ཐོན་ཁུངས་མཉམ་སྤྱོད་དང་ལེགས་སྒྱུར་བགོ་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས།

 

དོན་ཚན་བརྒྱད་པ། སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་སྐུད་མེད་གློག་འཕྲིན་ལ་དོ་དམ་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། དེ་བཞིན་སྐུད་མེད་གློག་འཕྲིན་ཐད་ཀྱི་ཤེས་བྱ་བཅས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱི་དམངས་ཀྱིས་ཁྲིམས་ལྟར་སྐུད་མེད་གློག་འཕྲིན་གྱི་ཟློས་ཤལ་ཐོན་ཁུངས་བེད་སྤྱོད་དང་སྐུད་མེད་གློག་འཕྲིན་གྱི་གློག་ངར་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས།

 

དོན་ཚན་དགུ་པ། སྐུད་མེད་གློག་འཕྲིན་གྱི་ལས་སྒོ་གཉེར་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རང་རྟོགས་ངང་བརྩི་སྲུང་ཞུས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཏན་ཏིག་སྒྲུབ་དགོས།

 

ལེའུ་གཉིས་པ། སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་ལ་དོ་དམ་བྱེད་ཕྱོགས་སྐོར།

 

དོན་ཚན་བཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་དབྱེ་འབྱེད་དང་འཕྲིན་ལམ་བགོ་འགྲེམས་དབང་ཚད་། དེ་བཞིན་རང་སྐྱོང་ལྗོངས་ཀྱི་སྐུད་མེད་གློག་འཕྲིན་བྱ་གཞག་གོང་འཕེལ་གཏོང་བའི་འཆར་འགོད་བཅས་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་བེད་སྤྱོད་བྱེད་པའི་འཆར་འགོད་བཟོ་དགོས། རང་སྐྱོང་ལྗོངས་ཀྱི་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་བེད་སྤྱོད་བྱེད་པའི་འཆར་འགོད་བཟོ་སྐབས་ངེས་པར་དུ་འབྲེལ་ཡོད་ཚན་པའི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་མ་ཟད། ཚན་རིག་དང་མཐུན་པའི་བགོ་སྒྲིག་དང་ཐོན་ཁུངས་ཀྱི་ནུས་ཕྱོད་འདོན་སྤེལ་གང་ལེགས་བྱེད་པའི་རྩ་དོན་གཞིར་བཟུང་ཐོག སྤྱི་པའི་བདེ་འཇགས་དང་སྤྱི་པའི་ཁེ་ཕན་གྱི་འཕྲིན་ལམ་བེད་སྤྱོད་བྱེད་པའི་དགོས་མཁོར་འགན་སྲུང་བྱེད་དགོས།

 

དོན་ཚན་བཅུ་གཅིག་པ། རྒྱལ་ཁབ་ཀྱི་གཏན་འབེབས་ནང་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་སྤྱོད་འཐུས་རག་མི་དགོས་པའི་གནས་ཚུལ་ཕུད། སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་སྤྱོད་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཁྱབ་ཁོངས་དང་། ཆ་རྐྱེན། ལས་རིམ་བཅས་གཞིར་བཟུང་ཆོག་འཐུས་རག་པ་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ནས་གཏན་འཁེལ་བྱས་པའི་ཁྱབ་ཁོངས་ནང་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་སྤྱོད་འཐུས་ཁྲིམས་ལྟར་ཞུ་འགན་འཁུར་རྒྱུ།

 

དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཚོང་གཉེར་ཐད་སྤྱོད་པའི་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་ཁྲིམས་ལྟར་འོས་སྐུལ་དང་ཧབ་འཚོང་རྒྱག་པའི་བྱེད་ཐབས་སྤྱད་དེ་སྐུལ་མེད་གློག་འཕྲིན་གྱི་འཕྲིན་ལམ་སྤྱོད་འཐུས་ཞུས་ན་འགྲིག

 

དོན་ཚན་བཅུ་གསུམ་པ། སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་སྤྱོད་འཐུས་གཏན་འཁེལ་བཟོ་སྐབས་ངེས་པར་དུ་འཕྲིན་ལམ་སྤྱོད་རྒྱ་དང་། ལས་སྒོའི་ནང་དོན། རྣམ་གྲངས་ཀྱི་དུས་འཁོར་སོགས་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ནས་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་སྤྱོད་འཐུས་ཀྱི་དུས་ཚད་གཏན་འཁེལ་ལུགས་མཐུན་བཟོ་དགོས་པ་དང་། དུས་ཡུན་རིང་ཤོས་ལ་ལོ་བཅུ་ལས་བརྒལ་མི་ཆོག སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་སྤྱོད་འཐུས་ཀྱི་དུས་ཚད་ཐིམ་ནས་མུ་མཐུད་བེད་སྤྱོད་བྱེད་དགོས་ཚེ་ངེས་པར་དུ་དུས་ཚད་ཐིམ་ཉིན་གྱི་ལས་ཀའི་ཉིན་གྲངས་30ཡི་སྔོན་དུ་ཆོག་འཐུས་གཏན་འཁེལ་བྱེད་མཁན་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་ལ་ནར་འགྱངས་གཏོང་རེ་ཞུ་དགོས་པ་དང་། དུས་ཚད་མ་ཐིམ་གོང་དུ་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་སྤྱོད་མཚམས་འཇོག་རྩིས་ཡོད་ཚེ། ངེས་པར་དུ་ཆོག་འཐུས་གཏན་འཁེལ་བྱེད་མཁན་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་ལ་འཕྲལ་མར་ཐོ་སུབ་རྒྱུའི་འགྲོ་ལུགས་གཉེར་དགོས། ལག་རྩལ་ཞིབ་འཇུག་དང་གཙོ་ཆེའི་བྱེད་སྒོ་འགན་སྲུང་བྱེད་རྒྱུ་སོགས་ཀྱི་རྐྱེན་པས་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་གནས་སྐབས་སྤྱོད་དགོས་ཚེ། སྤྱོད་འཐུས་ཀྱི་དུས་ཚད་ཟླ་བ་བཅུ་གཉིས་ལས་བརྒལ་མི་ཆོག དུས་ཚད་ཐིམ་རྗེས་སྤྱོད་དབང་རང་དགར་མཚམས་འཇོག་བྱེད་རྒྱུ།

 

དོན་ཚན་བཅུ་བཞི་པ། སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་སྤྱོད་འཐུས་སྤྲད་ཉིན་ནས་བཟུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་དུས་བཀག་ལྟར་འཕྲིན་ལམ་སྤྱོད་ཚད་ལ་ཞིབ་བཤེར་དང་དོ་དམ་བྱེད་དགོས། ལྡོག་ཐབས་མེད་པའི་རྒྱུ་རྐྱེན་ཕུད་སྐུད་མེད་གློག་འཕྲིན་གྱི་སྤྱོད་འཐུས་རག་རྗེས་ལོ་གཉིས་ཡན་བེད་སྤྱོད་མ་བྱས་པའམ་ཡང་ན་སྤྱོད་ཚད་དེ་ཆོག་འཐུས་ཀྱི་གཏན་འབེབས་བླང་བྱའི་ཚད་གཞིར་མ་སླེབས་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་ནས་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་སྤྱོད་འཐུས་མེད་པ་བཟོ་དབང་དང་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་ཡར་བསྡུ་དབང་ཡོད།

 

དོན་ཚན་བཅོ་ལྔ་པ། སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་སྤྱོད་དབང་ནང་བཤུག་གཏོང་དགོས་ཚེ། བཤུག་མཁན་དེ་ངེས་པར་དུ་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་སྤྱོད་འཐུས་ཞུ་བའི་ཁྲིམས་བཅད་ཆ་རྐྱེན་དང་མཐུན་དགོས་པ་མ་ཟད། ཕྱོགས་གཉིས་པོའི་ནང་བཤུག་གི་གྲོས་དོན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་ལ་གོང་འབུལ་ཞུས་ནས་ཆོག་མཆན་ཐོབ་པ་བྱེད་དགོས།

 

དོན་ཚན་བཅུ་དྲུག་པ། སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་སྤྱོད་དབང་ཐོབ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་བཟུང་སྤྱོད་ཀྱི་གྲོན་དངུལ་འཇལ་དགོས། སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཁྲིམས་ལྟར་བསྡུ་ལེན་བྱས་པའི་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་བཟུང་སྤྱོད་ཀྱི་གྲོན་དངུལ་རྣམས་ངེས་པར་དུ་དུས་ཐོག་དང་གྲངས་ཚང་ངང་རྒྱལ་མཛོད་ལ་འབུལ་དགོས། འཕྲིན་ལམ་བཟུང་སྤྱོད་ཀྱི་གྲོན་དངུལ་རྩ་ཆག་དང་ཆག་ཡང་གཏོང་དགོས་ཚེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས།

 

དོན་ཚན་བཅུ་བདུན་པ། སྤྱོད་འཐུས་རག་པའི་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་ལ་འགོག་རྐྱེན་ཕོག་ནས་སེལ་ཐབས་མེད་པ་དང་། ཡང་ན་རང་བྱུང་དང་ས་ཁམས་སོགས་ཀྱི་རྐྱེན་པས་རྒྱུན་གཏན་བཞིན་སྤྱོད་ཐབས་མེད་ཚེ། སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་བེད་སྤྱོད་བྱེད་མཁན་གྱིས་ཆོག་འཐུས་གཏན་འཁེལ་བྱེད་མཁན་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་ལ་བརྗེ་སྒྱུར་བྱེད་རེ་ཞུས་ཆོག་པ་དང་། ཆོག་འཐུས་གཏན་འཁེལ་བྱེད་མཁན་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཚོད་སྐོར་བྱས་རྗེས་ཁྲིམས་ལྟར་ལེགས་སྒྲིག་བྱེད་རྒྱུ།

 

དོན་ཚན་བཅོ་བརྒྱད་པ། རྒྱལ་སྲུང་སྐུལ་སློང་དང་ཉེན་འགོག་གེགས་སེལ་གྱི་ལས་འགན་ཆེ་རིགས་སྒྲུབ་པའམ་ཡང་ན་ཚབས་ཆེའི་འཕྲལ་ཐོན་དོན་རྐྱེན་ཐག་གཅོད་བྱེད་པ་སོགས་ཀྱི་རྐྱེན་པས་ཆོག་འཐུས་རག་པའི་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་བསྡུ་སྤྱོད་བྱེད་དགོས་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ཁྲིམས་བཞིན་བསྡུ་སྤྱོད་བྱེད་རྒྱུ། བསྡུ་སྤྱོད་བྱས་པའི་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་སྤྱད་ཚར་རྗེས་ངེས་པར་དུ་འཕྲལ་མར་ཕྱིར་སྤྲོད་བྱེད་དགོས། བསྡུ་སྤྱོད་བྱས་པ་ལས་བྱུང་བའི་གྱོང་གུན་རྣམས་ཁྲིམས་བཞིན་སྐྱིན་གསབ་འཇལ་དགོས།

 

ལེའུ་གསུམ་པ། སྐུད་མེད་གློག་འཕྲིན་ཁང(ས་ཚུགས)ལ་དོ་དམ་བྱེད་ཕྱོགས་སྐོར།

 

དོན་ཚན་བཅུ་དགུ་པ། ས་ངོས་ཀྱི་སྤྱི་བྱིངས་སྒུལ་འཁྱེར་འཕྲིན་གཏོང་གི་མཐའ་སྣེ་དང་། རྐྱང་བསྡུའི་སྐུད་མེད་གློག་འཕྲིན་ཁང(ས་ཚུགས) རྒྱལ་ཁབ་ཀྱི་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་བཅས་ཀྱིས་གཏན་འབེབས་བྱས་པའི་ནུས་ཚད་ཆུང་ཞིང་བར་ཐག་ཐུང་བའི་སྐུད་མེད་གློག་འཕྲིན་ཁང་གི་འཕེན་གཏོང་སྒྲིག་ཆས་ཕུད་པའི་སྐུད་མེད་གློག་འཕྲིན་ཁང(ས་ཚུགས)གསར་འཛུགས་དང་བེད་སྤྱོད་བྱེད་དགོས་ཚེ། ངེས་པར་དུ་ཁྲིམས་ལྟར་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་ལ་རེ་ཞུ་ཕུལ་ནས་སྐུད་མེད་གློག་འཕྲིན་ཁང་གི་ལག་ཁྱེར་ལེན་དགོས།

 

དོན་ཚན་ཉི་ཤུ་པ། གཏན་འཇགས་ཚུགས་གནས་སུ་སྐུད་མེད་གློག་འཕྲིན་ཁང(ས་ཚུགས)གསར་འཛུགས་དང་བེད་སྤྱོད་བྱེད་དགོས་ཚེ། སྐུད་མེད་གློག་འཕྲིན་ཁང(ས་ཚུགས)གནས་སའི་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱི་ཆོག་འཐུས་རག་དགོས། གཏན་འཇགས་ཚུགས་གནས་མེད་སར་སྐུད་མེད་གློག་འཕྲིན་ཁང(ས་ཚུགས)གསར་འཛུགས་དང་བེད་སྤྱོད་བྱེད་དགོས་ཚེ། རེ་ཞུ་བྱེད་མཁན་གནས་སའི་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱི་ཆོག་འཐུས་རག་དགོས། ས་གནས(གྲོང་ཁྱེར)གྲོལ་ནས་སྐུད་མེད་གློག་འཕྲིན་ཁང(ས་ཚུགས)གསར་འཛུགས་དང་བེད་སྤྱོད་བྱེད་དགོས་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱི་ཆོག་འཐུས་རག་དགོས། སྐུད་མེད་གློག་འཕྲིན་ཁང་གི་དབྱེ་འབྱེད་ཨང་རྟགས(འབོད་རྟགས་ཚུད)སྤྱོད་དགོས་ཚེ། སྐུད་མེད་གློག་འཕྲིན་ཁང་གི་དབྱེ་འབྱེད་ཨང་རྟགས་ཆབས་ཅིག་ཏུ་དཔྱད་སྤྲོད་བྱེད་དགོས། སྐུད་མེད་གློག་འཕྲིན་ཁང(ས་ཚུགས)གི་དབྱེ་འབྱེད་ཨང་རྟགས་བརྗེ་སྒྱུར་དང་མང་དུ་གཏོང་དགོས་ཚེ། སྐུད་མེད་གློག་འཕྲིན་ཁང(ས་ཚུགས)གི་ཆོག་འཐུས་གཏན་འཁེལ་བཟོ་མཁན་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་ནས་དཔྱད་སྤྲོད་བྱེད་དགོས།

 

དོན་ཚན་ཉེར་གཅིག་པ། སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་གྱི་གོ་ཆོད་དུས་ཚད་དེ་སྐུད་མེད་གློག་འཕྲིན་འཕྲིན་ལམ་གྱི་སྤྱོད་འཐུས་གཏན་འབེབས་ཀྱི་དུས་བཀག་ལས་བརྒལ་མི་ཆོག ཁྲིམས་བཞིན་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་སྤྱོད་འཐུས་མི་དགོས་ཚེ། དེའི་སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་གྱི་གོ་ཆོད་དུས་ཚད་ལོ་ལྔ་ནས་བརྒལ་མི་ཆོག སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་གྱི་སྤྱོད་དུས་ཐིམ་རྗེས་མུ་མཐུད་ནར་འགྱངས་གཏོང་དགོས་ན་ངེས་པར་དུ་དུས་ཚད་ཐིམ་རྗེས་ཀྱི་ལས་ཀའི་ཉིན་གྲངས་སུམ་ཅུའི་གོང་ཆོག་འཐུས་གཏན་འཁེལ་བཟོ་མཁན་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་ལ་རེ་འདུན་ཞུ་དགོས། ཆོག་འཐུས་གཏན་འཁེལ་བཟོ་མཁན་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་བདག་སྤྲོད་བྱས་ཉིན་ནས་བཟུང་གི་ལས་ཀའི་ཉིན་གྲངས་སུམ་ཅུའི་ནང་ཚུན་དུ་ཁྲིམས་བཞིན་ནར་འགྱངས་གཏོང་བའམ་ཡང་ན་ནར་འགྱངས་གཏོང་མི་དགོས་པའི་གཏན་འཁེལ་བྱེད་དགོས། ནར་འགྱངས་གཏོང་མི་དགོས་ཚེ། ངེས་པར་དུ་ཡིག་ཐོག་ནས་གསལ་བཤད་བྱེད་དགོས། ནར་འགྱངས་གཏོང་རྒྱུའི་ཆོག་མཆན་མ་ཐོབ་པའམ་ཡང་ན་དུས་ཚད་བརྒལ་ཀྱང་རེ་ཞུ་མ་བྱས་ཚེ། ཆོག་འཐུས་གཏན་འཁེལ་བཟོ་མཁན་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་མེད་པ་བཟོ་དགོས།

 

དོན་ཚན་ཉེར་གཉིས་པ། གཏན་འཇགས་ཚུགས་གནས་ཀྱི་སྐུད་མེད་གློག་འཕྲིན་ཁང(ས་ཚུགས)གི་འཛུགས་སྐྲུན་བྱེད་གནས་འདེམས་སྐབས། ངེས་པར་དུ་རྒྱལ་ཁབ་ཀྱི་ས་ཆའི་བར་སྟོངས་འཆར་འགོད་ཀྱི་བླང་བྱ་དང་མཐུན་དགོས་པ་དང་། དེའི་བྱེད་ནུས་ལ་འགོག་རྐྱེན་བཟོ་བའི་འཛུགས་སྐྲུན་དངོས་པོ་དང་སྒྲིག་བཀོད(དམག་དོན་སྒྲིག་བཀོད་ཚུད)སོགས་ལས་གཡོལ་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ས་ཆའི་བར་སྟོངས་འཆར་འགོད་བཟོ་བ་དང་བཟོ་བཅོས་རྒྱག་པ་དང་། སྐུད་མེད་གློག་འཕྲིན་ཁང(ས་ཚུགས)ཆེ་གྲས་ཀྱི་བྱེད་ནུས་ལ་འགོག་རྐྱེན་བཟོ་སྲིད་པའི་འཛུགས་སྐྲུན་རྣམ་གྲངས་བཀོད་སྒྲིག་བྱེད་སྐབས། ངེས་པར་དུ་དེ་གནས་སའི་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་དང་དམག་དཔུང་གི་གློག་སྡུད་ཟློས་ཤལ་དོ་དམ་ལས་ཁུངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས།

 

དོན་ཚན་ཉེར་གསུམ་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་པའི་བདེ་འཇགས། ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་བཅས་ལ་གནོད་པའི་ཛ་དྲག་གི་གནས་ཚུལ་འཕྲད་པའམ་ཡང་ན་སྤྱི་ཚོགས་ཀྱི་བྱེད་སྒོ་ཆེ་གྲས་སྤེལ་བའི་ཐད་འགན་སྲུང་བྱེད་པར་དམིགས་བསལ་ཀྱི་དགོས་མཁོ་སྐོང་ཐུབ་ཆེད། ཆོག་མཆན་མ་བརྒྱུད་པར་སྐུད་མེད་གློག་འཕྲིན་ཁང་གནས་སྐབས་གསར་འཛུགས་དང་བེད་སྤྱོད་བྱས་ཆོག་པ་མ་ཟད། དུས་ཐོག་ཏུ་དེ་གནས་སའི་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་ལ་སྙན་སེང་ཞུ་དགོས། ཛ་དྲག་གི་གནས་ཚུལ་སེལ་བའམ་ཡང་ན་སྤྱི་ཚོགས་ཀྱི་བྱེད་སྒོ་ཆེ་གྲས་མཇུག་སྒྲིལ་རྗེས་ངེས་པར་དུ་འཕྲལ་མར་སྐུད་མེད་གློག་འཕྲིན(ས་ཚུགས)སྒོ་རྒྱག་དགོས། སྤྱི་ཚོགས་ཀྱི་བྱེད་སྒོ་ཆེ་གྲས་ལ་སྐུད་མེད་གློག་འཕྲིན་གྱི་བདེ་འཇགས་འགན་སྲུང་བྱེད་དགོས་ཚེ། བྱེད་སྒོ་གཉེར་མཁན་ཚན་པས་ངེས་པར་དུ་དེ་གནས་སའི་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་ལ་འགན་སྲུང་བྱེད་པར་མཁོ་བའི་རེ་བ་བཏོན་ནས་བྱེད་སྒོའི་དོན་གནད་དང་། ཁྱབ་ཁོངས། བེད་སྤྱོད་བཅས་བྱེད་པའི་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་དང་། གློག་འཕྲིན་ཁང་(ས་ཚུགས) སྒྲིག་ཆས་བཅས་ཀྱི་གནས་ཚུལ་སྙན་དཔོད་བྱེད་དགོས་པ་མ་ཟད། སྐུད་མེད་གློག་འཕྲིན་གྱི་བདེ་འཇགས་འགན་སྲུང་བྱེད་པར་མཁོ་བའི་ས་ཆ་དང་གློག་ཤུགས་ཀྱི་ཆ་རྐྱེན་བསྐྲུན་དགོས།

 

དོན་ཚན་ཉེར་བཞི་པ། སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་གྱི་ཐོ་སུབ་པའམ་ཡང་ན་ཁྲིམས་ལྟར་མེད་པར་བཟོས་པའི་རིགས་ལ། སྐུད་མེད་གློག་འཕྲིན་ཁང་(ས་ཚུགས)གསར་འཛུགས་དང་བེད་སྤྱོད་བྱེད་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་སྐུད་མེད་གློག་འཕྲིན་ཁང་གི་ལག་ཁྱེར་ཡར་རྩིས་སྤྲོད་དགོས་པ་དང་། དུས་ཐོག་ཏུ་སྐུད་མེད་གློག་འཕྲིན་ཁང་(ས་ཚུགས)གི་གནམ་སྐུད་དང་། གློག་ཐག ཞོར་གཏོགས་སྒྲིག་ཆས་བཅས་བཤིག་དཀྲོལ་བྱེད་དགོས།

དོན་ཚན་ཉེར་ལྔ་པ། སྐུད་མེད་གློག་འཕྲིན་ཁང་(ས་ཚུགས)གསར་འཛུཌ་དང་བེད་སྤྱོད་བྱེད་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ནུས་ཚད་དང་། གནམ་སྐུད་མཐོ་ཚད། ཚུགས་གནས་སོཌ་སྐུད་མེད་གློག་འཕྲིན་ཁང་གི་ལག་ཁྱེར་ནང་འཁོད་ཀྱི་ཞིབ་གཏན་འཁེལ་བའི་རྣམ་གྲངས་ལ་རང་དགར་སྒྱུར་བ་གཏོང་མི་ཆོག་པ་དང་། གལ་སྲིད་རྣམ་གྲངས་ལ་སྒྱུར་བ་གཏོང་དགོས་ངེས་ཡིན་ཚེ། ངེས་པར་དུ་ཆོག་འཐུས་གཏན་འཁེལ་བཟོ་མཁན་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་ལ་རེ་ཞུ་བྱས་ནས་ཞིབ་དཔྱད་ཆོག་མཆན་ཐོབ་རྗེས་སྐུད་མེད་གློག་འཕྲིན་ཁང་གི་ལག་ཁྱེར་བརྗེ་དགོས།

 

སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་རྫུན་བཟོ་དང་། འདྲ་བཟོ། གཞན་གཡར་བཅས་བྱེད་མི་ཆོག

 

དོན་ཚན་ཉེར་དྲུག་པ། སྐུད་མེད་གློག་འཕྲིན་ཁང་(ས་ཚུགས)གསར་འཛུགས་དང་བེད་སྤྱོད་བྱེད་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་སྐུད་མེད་གློག་འཕྲིན་ཁང་(ས་ཚུགས)ལ་དུས་བཀག་ཐོག་བདག་སྐྱོང་བྱས་ནས་དེའི་ནུས་པའི་དམིགས་ཚད་རྒྱལ་ཁབ་ཀྱི་ཚད་གཞི་དང་སྐུད་མེད་གློག་འཕྲིན་དོ་དམ་ཐད་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་པའི་འགན་ལེན་བྱས་ཏེ་ཁྲིམས་ལྟར་གསར་འཛུགས་དང་བེད་སྤྱོད་བྱ་ཡུལ་གྱི་སྐུད་མེད་གློག་འཕྲིན་ཁང་གཞན་དག་ལ་འགོག་རྐྱེན་མི་ཡོང་བ་བྱེད་དགོས།

 

ཚན་པ་གང་རུང་དང་མི་སྒེར་སུ་འདྲ་ཞིག་གིས་ཁྲིམས་ལྟར་གསར་འཛུགས་བྱས་པའི་སྐུད་མེད་གློག་འཕྲིན་ཁང་(ས་ཚུགས)ལ་གཏོར་སྐྱོན་གཏོང་མི་ཆོག

 

དོན་ཚན་ཉེར་བདུན་པ། ཚན་པ་གང་རུང་དང་མི་སྒེར་སུ་འདྲ་ཞིག་གིས་ཁྲིམས་ལྟར་གསར་འཛུགས་བྱས་པའི་གཏན་འཇགས་ཚུགས་གནས་ཀྱི་སྐུད་མེད་གློག་འཕྲིན་ཁང་(ས་ཚུགས)རང་དགར་བཟོ་བཅོས་དང་སྤོ་སྒྱུར་བྱེད་མི་ཆོགདམིགས་བསལ་གནས་ཚུལ་གྱིས་རྐྱེན་པས་བཟོ་བཅོས་དང་སྤོ་སྒྱུར་བྱེད་དགོས་ཚེ། བཟོ་བཅོས་སྤོ་སྒྱུར་བྱེད་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་སྐུད་མེད་གློག་འཕྲིན་ཁང་དབང་མཁན་ནམ་ཡང་ན་སྤྱོད་མཁན་དང་གྲོས་མོལ་བྱེད་དགོས་པ་མ་ཟད། ཁྲིམས་ལྟར་འབྲེལ་ཡོད་འགྲོ་ལུགས་གཉེར་དགོས།

 

དོན་ཚན་ཉེར་བརྒྱད་པ། ལས་ཞོར་སྐུད་མེད་གློག་འཕྲིན་ཁང་གསར་འཛུགས་དང་བེད་སྤྱོད་བྱེད་དགོས་ཚེ། ངེས་པར་དུ་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་ལས་ཞོར་སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་དང་སྐུད་མེད་གློག་འཕྲིན་ཁང་གི་དབྱེ་འབྱེད་ཨང་རྟཌ་ལེན་རེ་ཞུ་དགོས།ཚབས་ཆེའི་རང་བྱུང་གནོད་འཚེ་སོཌ་ཀྱི་གློ་བུར་དོན་རྐྱེན་ཐོན་སྐབས། ལས་ཞོར་སྐུད་མེད་གློག་འཕྲིན་ལ་དགའ་ཞེན་ཡོད་མཁན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱི་གཅིག་གྱུར་མཛུབ་ཁྲིད་འོག ལས་ཞོར་སྐུད་མེད་གློག་འཕྲིན་བེད་སྤྱད་དེ་འཕྲལ་བསྟུན་འཕྲིན་གཏོང་ཞབས་ཞུ་སྒྲུབ་དགོས།

 

ལེའུ་བཞི་པ། སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་ལ་དོ་དམ་བྱེད་ཕྱོགས་སྐོར།

 

དོན་ཚན་ཉེར་དགུ་པ། སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་ཞིབ་བཟོ་དང་། ཐོན་སྐྱེད། ནང་འདྲེན། ཕྱིར་འཚོང་། ཉམས་བཟོ་བཅས་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དགོས།

 

ནུས་ཚད་ཆུང་ཞིང་བར་ཐག་ཐུང་བའི་སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་ཕུད། སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་ཐོན་སྐྱེད་དམ་ཡང་ན་ནང་འདྲེན་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་དབྱིབས་ཨང་གི་དཔྱད་འཐུས་རག་དགོས་པ་མ་ཟད། སྒྲིག་ཆས་སྟེང་དབྱིབས་ཨང་དཔྱད་འཐུས་ཀྱི་ཚབ་ཨང་འགོད་དགོས།

 

དོན་ཚན་སུམ་ཅུ་པ། སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་ཕྱིར་འཚོང་བྱེད་སྐབས་གཤམ་གསལ་གྱི་བྱེད་སྤྱོད་རིགས་ཡོད་མི་ཆོག་པ་སྟེ།(གཅིག)དབྱིབས་ཨང་དཔྱད་འཐུས་ཀྱི་ཚབ་ཨང་བཀོད་མེད་པའི་སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་ཕྱིར་འཚོང་བྱེད་རིགས་དང་།

 

(གཉིས)སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་སྤྱོད་འཐུས་རག་མེད་པའི་སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་ལ་འཕྲིན་ལམ་སྒྲིག་བཟོ་བྱེད་རིཌ། (གསུམ)སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་སྤྱོད་འཐུས་ཀྱི་ཁྱབ་ཁོངས་ལས་བརྒལ་ཏེ་སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་ལ་འཕྲིན་ལམ་སྒྲིག་བཟོ་བྱེད་རིགས།

 

(བཞི)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བཀག་འགོག་བྱས་པའི་བྱེད་སྤྱོད་གཞན་དག་རིགས་བཅས་སོ།

 

དོན་ཚན་སོ་གཅིག་པ། དབྱིབས་ཨང་དཔྱད་འཐུས་རག་པའི་སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་ཕྱིར་འཚོང་བྱེད་སྐབས། ངེས་པར་དུ་སྒྲིག་ཆས་ཕྱིར་འཚོང་བྱས་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་བཅུའི་ནང་ཚུན་དུ་ཐོ་འགོད་བྱེད་སའི་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་དུ་ཕྱིར་འཚོང་སྙན་དཔོད་ཀྱི་འགྲོ་ལུགས་གཉེར་དགོས་པ་མ་ཟད། སྙན་དཔོད་ཀྱི་ཆ་འཕྲིན་ཇི་མ་ཇི་བཞིན་ཡིན་མིན་ཐད་འགན་འཁུར་དགོས།

 

དོན་ཚན་སོ་གཉིས་པ། ལུས་རྩལ་འགྲན་བསྡུར་དང་ཚན་རིག་ཚོད་ལྟ་སོགས་ཀྱི་བྱེད་སྒོ་སྤེལ་སྐབས་ཁྲིམས་བཞིན་དབྱིབས་ཨང་དཔྱད་འཐུས་རག་དགོས་ཀྱང་རག་མེད་པའི་སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་གནས་སྐབས་འགག་སྒོ་ནས་འཁྱེར་དགོས་པ་དང་བསྐུར་དགོས་ཚེ། ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་ལ་གནས་སྐབས་འགག་སྒོར་འཛུལ་ཆོག་པའི་ཞིབ་མཆན་འགྲོ་ལུགས་གཉེར་རེ་ཞུ་དགོས་པ་དང་སྦྲགས། མཆན་འགོད་ཡིག་ཆར་བརྟེན་ནས་འགག་སྒྲོལ་འགྲོ་ལུགས་གཉེར་དགོས།

 

གོང་གསལ་གཏན་འབེབས་བཞིན་གནས་སྐབས་འགག་སྒོར་འཛུལ་ཆོག་པའི་འགྲོ་ལུགས་གཉེར་རེ་ཞུ་སྐབས། ངེས་པར་དུ་སྒྲིག་ཆས་འགག་སྒོ་ནས་འཁྱེར་ཆོག་པའི་རེ་ཞུའི་རེའུ་མིག་དང་དངོས་ཟོག་ལེན་འཛིན་འདོན་སྤྲོད་བྱེད་དགོས་པ་མ་ཟད། སྤྱོད་དུ་རུང་བའི་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་ཡོད་དགོས།

 

དོན་ཚན་སོ་གསུམ་པ། སོ་སྔོན་སྒྲིག་ཆས་དང་། དཔེ་དབྱིབས་སྐུད་མེད་གློག་འཕྲིན་གྱི་རྒྱང་འཛིན་སྒྲིག་ཆས། སྐུད་མེད་ཁྱབ་ཆུང་དྲ་རྒྱའི་སྒྲིག་ཆས་སོགས་ནུས་ཚད་ཆུང་ཞིང་བར་ཐག་ཐུང་བའི་སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་ལ་འཕེན་གཏོང་གནམ་སྐུད་དམ་ཡང་ན་འཕེན་གཏོང་ནུས་ཚད་ཀྱི་ཆེར་གཏོང་ཡོ་བྱད་བསྒར་སྒྲིག་བྱེད་མི་ཆོག

 

ལེའུ་ལྔ་པ། སྐུད་མེད་གློག་འཕྲིན་ལ་ལྟ་ཞིབ་ཚད་ལེན་དང་གློག་རླབས་ཀྱི་སྒྲིག་ལམ་སྲུང་ཕྱོགས་སྐོར།

 

དོན་ཚན་སོ་བཞི་པ། སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་དུས་བཀག་ཐོག་སྐུད་མེད་གློག་འཕྲིན་ཁང(ས་ཚུགས)ལ་ཞིབ་བཤེར་དང་ཞིབ་དཔྱད་བྱས་ནས་སྐུད་མེད་གློག་འཕྲིན་ཁང་(ས་ཚུགས)རྒྱུན་གཏན་ལྟར་བེད་སྤྱོད་ཐུབ་པའི་འགན་སྲུང་བྱེད་རྒྱུ་དང་། སྐུད་མེད་གློག་རླབས་ཀྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས།

 

དོན་ཚན་སོ་ལྔ་པ། སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་ཁོངས་གཏོགས་ཀྱི་སྐུད་མེད་གློག་འཕྲིན་ལྟ་ཞིབ་ཚད་ལེན་ས་ཚུགས་དེ་སྐུད་མེད་གློག་འཕྲིན་དོ་དམ་ལག་རྩལ་གྱི་ལས་ཁུངས་ལ་བརྩིས་ནས་སྐུད་མེད་གློག་འཕྲིན་བརྡ་རྟགས་ལ་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་མ་ཟད། སྐུད་མེད་གློག་འཕྲིན་གྱི་འགོག་རྐྱེན་འབྱུང་རྩ་དང་། ཆོག་མཆན་མ་ཐོབ་པར་གསར་འཛུགས་དང་བེད་སྤྱོད་བྱེད་པའི་སྐུད་མེད་གློག་འཕྲིན་ཁང(ས་ཚུགས)འཚོལ་བཤེར་བྱེད་རྒྱུ་དང་། གློག་ངར་ཁོར་ཡུག་ལ་ཚད་ལེན་ཚོད་ལྟ་བྱས་ཏེ་སྐུད་མེད་གློག་འཕྲིན་ལ་དོ་དམ་བྱེད་རྒྱུར་ལག་རྩལ་གྱི་གཞི་འཛིན་ས་མཁོ་འདོན་བྱེད་དགོས།

 

དོན་ཚན་སོ་དྲུག་པ། སྐུད་མེད་གློག་འཕྲིན་གྱི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་དེ་འཕྲིན་གཏོང་དང་གྲོང་སྲིད་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད། དེ་བཞིན་ཞོར་གཏོགས་སྒྲིག་བཀོད་བཅས་དང་མཉམ་སྐྲུན་མཉམ་སྤྱོད་བྱེད་རྒྱུ་དང་འཚམ་རིགས། ངེས་པར་དུ་མཉམ་སྐྲུན་མཉམ་སྤྱོད་བྱེད་དགོས།

 

རྒྱལ་ཁབ་ལས་ཁུངས་དང་གཞུང་ཁོངས་ཁེ་ལས་བྱ་གཞག་ཚན་པ་སོགས་ཀྱིས་ངེས་པར་དུ་སྐུད་མེད་གློག་འཕྲིན་གྱི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་གསར་འཛུགས་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་འབྲེལ་ཡོད་གྲོང་སྲིད་ཀྱི་སྒྲིག་ཆས་དང་སྤྱི་པའི་སྒྲིག་ཆས་རིགས། ངེས་པར་དུ་སྐུད་མེད་གློག་འཕྲིན་ལྟ་ཞིབ་ཚད་ལེན་སྒྲིག་ཆས་འཛུགས་སྐྲུན་བྱེད་རྒྱུའི་ཐད་སྒོ་འབྱེད་དགོས།

 

སྐུད་མེད་གློག་འཕྲིན་གྱི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་འཛུགས་སྐྲུན་བྱེད་སྐབས་སྡོད་ཁང་སོགས་ཨར་སྐྲུན་དངོས་རིགས་སྤྱོད་དགོས་ཚེ། ངེས་པར་དུ་ཨར་སྐྲུན་དངོས་པོའི་བདག་དབང་ཡོད་མཁན་ནམ་ཡང་ན་སྤྱོད་དབང་ཡོད་མཁན་གྱི་མོས་མཐུན་ཐོབ་དགོས་པ་མ་ཟད། གཡར་སྤྱོད་སོགས་ཐད་ལ་གྲོས་མོལ་བྱེད་དགོས།

 

དོན་ཚན་སོ་བདུན་པ། སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་དམག་དཔུང་གི་གློག་ངར་ཟློས་ཤལ་དོ་དམ་ལས་ཁུངས་དང་མཐུན་སྦྱོར་གཞོགས་འདེགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་དམག་དཔུང་དང་ས་གནས་དབར་གྱི་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་ལ་སྲུང་སྐྱོབ་དང་། སྐུད་མེད་གློག་འཕྲིན་གྱི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་མཉམ་འབྲེལ་མཉམ་མཐུད། སྐུད་མེད་གློག་འཕྲིན་གྱི་ལྟ་ཞིབ་ཚད་ལེན་ཆ་འཕྲིན་མཉམ་སྐྲུན་མཉམ་སྤྱོད་བཅས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་མ་ཟད། གལ་ཆེའི་དམག་དོན་ལས་འགན་གྱི་སྐུད་མེད་གློག་འཕྲིན་གྱི་བདེ་འཇགས་འགན་སྲུང་དང་། དམག་དཔུང་དང་ས་གནས་དབར་གྱི་སྐུད་མེད་གློག་འཕྲིན་གྱི་འགལ་རྐྱེན་སེལ་བ། སྐུད་མེད་གློག་འཕྲིན་གྱི་ལྟ་ཞིབ་ཚད་ལེན་མཉམ་སྒྲུབ་སོགས་བྱེད་པའི་འབྲེལ་ཡོད་ལས་དོན་ལ་གཞོགས་འདེགས་བྱེད་དགོས།

 

དོན་ཚན་སོ་བརྒྱད་པ། བཟོ་ལས་དང་། ཚན་རིག སྨན་བཅོས་སྒྲིག་ཆས། གློག་རླངས་སྐྱེལ་འདྲེན་མ་ལགམཐོ་གནོན་གློག་སྐུད། དེ་བཞིན་གློག་ཆས་སྒྲིག་སྦྱོར་གཞན་དག་བཅས་ལས་ཐོན་པའི་སྐུད་མེད་གློག་རླབས་ཀྱི་ཟེར་འགྱེད་རིགས། ངེས་པར་དུ་རྒྱལ་ཁབ་ཀྱི་བཙན་ཤེད་རང་བཞིན་གྱི་ཚད་གཞི་དང་། ལས་རིགས་ཀྱི་ཚད་གཞི། སྐུད་མེད་གློག་འཕྲིན་དོ་དམ་བྱེད་ཕྱོགས་ཀྱི་འབྲེལ་ཡོད་གཏན་འབེབས་བཅས་དང་མཐུན་དགོས།ཁྲིམས་བཞིན་གསར་འཛུགས་བྱས་པའི་སྐུད་མེད་གློག་འཕྲིན་ཁང་(ས་ཚུགས)ལ་འགོག་རྐྱེན་བཟོ་མི་ཆོག སྐུད་མེད་གློག་འཕྲིན་མིན་པའི་ཟེར་འགྱེད་སྐུད་མེད་གློག་རླབས་སྒྲིག་ཆས་ཀྱིས་སྐུད་མེད་གློག་འཕྲིན་ཁང(ས་ཚུགས)ལ་འགོག་རྐྱེན་བཟོས་ཚེ་སྒྲིག་ཆས་བདག་དབང་ཡོད་མཁན་ནམ་ཡང་ན་བེད་སྤྱོད་བྱེད་མཁན་གྱིས་ངེས་པར་དུ་བྱ་ཐབས་སྤྱད་དེ་མེད་པ་བཟོ་དགོས།

 

དོན་ཚན་སོ་དགུ་པ། སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་དང་སྐུད་མེད་གློག་འཕྲིན་མིན་པའི་ཟེར་འགྱེད་སྐུད་མེད་གློག་རླབས་སྒྲིག་ཆས་ཀྱིས་གྲུ་གཟིངས་དང་། སྐར་སྐྱོད་འཕྲུལ་ཆས། མཁའ་འགྲུལ་ཡོ་བྱད། ལྕགས་ལམ་མེ་འཁོར་བཅས་ཀྱི་ཆེད་སྤྱོད་སྐུད་མེད་གློག་འཕྲིན་གྱི་ཕྱོགས་སྟོན་དང་། ཉེན་སེལ་རོགས་སྐྱོབ། བདེ་འཇགས་འཕྲིན་གཏོང་། རྒྱལ་སྲུང་འཕྲིན་གཏོང་སོགས་མིའི་ཚེ་སྲོག་དང་རྒྱལ་སྲུང་བདེ་འཇགས་དང་འབྲེལ་བ་ཡོད་པའི་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་ལ་འགོག་རྐྱེན་བཟོས་ཚེ།སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་འབྲེལ་ཡོད་ཚན་པའམ་ཡང་ན་མི་སྒེར་ལ་འཕྲལ་མར་འཕེན་གཏོང་བྱེད་མཚམས་འཇོག་ཏུ་འཇུག་དགོས་པའམ་ཡང་ན་བྱ་ཐབས་ནུས་ལྡན་སྤྱད་དེ་འགོག་རྐྱེན་སེལ་དུ་འཇུག་དགོས།

 

དོན་ཚན་བཞི་བཅུ་པ། ཚན་པ་གང་ཞིག་གམ་ཡང་ན་མི་སྒེར་སུ་འདྲ་ཞིག་ཡིན་རུང་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་རང་དགར་སྤྱོད་མི་ཆོག་ལ། ཁྲིམས་བཞིན་སྐུད་མེད་གློག་འཕྲིན་གྱི་ལས་སྒོ་སྤེལ་མཁན་ལ་འགོག་རྐྱེན་བཟོ་མི་ཆོག་པ་མ་ཟད་སྐུད་མེད་གློག་འཕྲིན་ཁང་(ས་ཚུགས)སྤྱད་དེ་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྤེལ་མི་ཆོག་པ་དང་། ཁྲིམས་འགལ་གྱིས་སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་བྱེད་སྒོ་སྤེལ་བར་ས་ཆ་དང་། སྒྲིག་ཆས། ཞབས་ཞུ་སོགས་ཕན་བདེའི་ཆ་རྐྱེན་བསྐྲུན་མི་ཆོག ཚན་པ་གང་ཞིག་གམ་ཡང་ན་མི་སུ་འདྲ་ཞིག་ཡིན་རུང་སྐུད་མེད་གློག་འཕྲིན་གྱི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ལ་གཏོར་སྐྱོན་གཏོང་བའམ་ཡང་ན་རང་དགར་བཤིག་དཀྲོལ་བྱེད་མི་ཆོག་ལ། རྒྱུན་གཏན་གྱི་འཁོར་སྐྱོད་ལ་འགོག་རྐྱེན་བཟོ་མི་ཆོག

 

དོན་ཚན་ཞེ་གཅིག་པ། ཚན་པ་གང་ཞིག་གམ་ཡང་ན་མི་སྒེར་སུ་འདྲ་ཞིག་ཡིན་རུང་སྐུད་མེད་གློག་འཕྲིན་གྱི་བརྡ་རྟགས་འགོག་གཅོད(གནོན་སྡོམ)སྒྲིག་ཆས་རང་དགར་སྤྱོད་མི་ཆོག རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ་དང་། རྒྱལ་ཁབ་ཀྱི་གསང་བ་བསྲུང་རྒྱུར་སྐུད་མེད་གློག་འཕྲིན་གྱི་འགོག་གཅོད(གནོན་སྡོམ)སྒྲིག་ཆས་གསར་འཛུགས་དང་བེད་སྤྱོད་དངོས་འབྲེལ་བྱེད་དགོས་ཚེ། ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས་པ་དང་། དགོས་ངེས་ཀྱི་དུས་ཚོད་དང་ཁུལ་ཁོངས་ནང་བེད་སྤྱོད་བྱེད་དགོས་པ་མ་ཟད། ལག་རྩལ་གྱི་ཚད་གཞི་གཞིར་བཟུང་འཕེན་གཏོང་འཕྲིན་ལམ་དང་ནུས་ཚད་ཚད་བཀག་བཟོ་དགོས་པ་ལས། བཀག་བཅད་བྱ་ཡུལ་ཕུད་པའི་སྤྱི་བྱིངས་ཀྱི་སྒུལ་འཁྱེར་འཕྲིན་གཏོང་སོགས་ལ་འགོག་རྐྱེན་བཟོ་མི་ཆོག་ལ། རང་གནས་སའི་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་ལེན་ཞུ་དགོས། དོན་ཚན་ཞེ་གཉིས་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་ལས་འགན་ཆེ་རིགས་འགན་སྲུང་། ཚབས་ཆེའི་གློ་བུར་དོན་རྐྱེན་ཐག་གཅོད་སོགས་བྱེད་པར་སྐུད་མེད་གློག་འཕྲིན་ལ་ལྟ་སྡོམ་བྱེད་དགོས་ཚེ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས།

 

དོན་ཚན་ཞེ་གསུམ་པ། སྐུད་མེད་གློག་འཕྲིན་ཁང་(ས་ཚུགས)གསར་འཛུགས་དང་བེད་སྤྱོད་བྱེད་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁོར་ཡུག་སྲུང་སྐྱོབ་ཀྱི་གཏན་འབེབས་གཞིར་བཟུང་དགོས་ངེས་ཀྱི་བྱ་ཐབས་སྤྱད་དེ་སྐུད་མེད་གློག་འཕྲིན་གྱི་གློག་རླབས་འཕེན་གཏོང་བྱས་པ་ལས་བཟོས་པའི་གློག་ངར་ཟེར་འགྱེད་ཀྱི་ཁོར་ཡུག་སྦགས་བཙོག་སྔོན་འགོག་བྱེད་དགོས།

 

དོན་ཚན་ཞེ་བཞི་པ། སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཞུ་སྦྱོར་དང་ཐེར་འདོན་བདག་སྤྲོད་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད། སྤྱི་ཚོགས་ཐོག་ཞུ་སྦྱོར་དང་ཐེར་འདོན་གྱི་ཁ་པར་ཨང་གྲངས་ཁྱབ་བསྒྲགས་བྱས་ནས་ཞུ་སྦྱོར་དང་ཐེར་འདོན་བྱས་རིགས་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་དགོས།

 

སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་ལྟར་གསར་འཛུགས་དང་བེད་སྤྱོད་བྱེད་མཁན་སྐུད་མེད་གློག་འཕྲིན་ཁང་(ས་ཚུགས)ལ་སྲུང་སྐྱོབ་བྱས་ཏེ་འགོག་རྐྱེན་མི་ཕོག་པ་བྱེད་དགོས། ཁྲིམས་ལྟར་གསར་འཛུགས་དང་བེད་སྤྱོད་བྱེད་མཁན་སྐུད་མེད་གློག་འཕྲིན་ཁང་(ས་ཚུགས)ལ་འགོག་རྐྱེན་ཕོག་ཚེ། རང་གནས་སའི་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་ལ་འགོག་རྐྱེན་ཕོག་པའི་ཞུ་སྦྱོར་བྱས་ཆོག སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འཕྲལ་མར་ཐག་གཅོད་བྱེད་དགོས་པ་མ་ཟད། ཐག་གཅོད་བྱས་འབྲས་ཞུ་སྦྱོར་བྱེད་མཁན་ལ་བརྡ་ལན་སྤྲོད་དགོས།

 

དོན་ཚན་ཞེ་ལྔ་པ། རྒྱལ་ཁོངས་ཕྱིའི་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་དང་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་དབར་ཕན་ཚུན་འགོག་རྐྱེན་བྱུང་ཚེ། རང་གནས་སའི་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་དེའི་དམིགས་བསལ་གྱི་ངོ་བོ་དང་ཕྱོགས་མཚམས་ཚད་ལེན་གཏན་འཁེལ་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་ནས་མཐུན་སྦྱོར་གྱི་ཇུས་གཞི་བཟོ་འདོན་བྱེད་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ལ་སྙན་སེང་ཞུས་ནས་མཐུན་སྦྱོར་ཐག་གཅོད་བྱེད་དགོས།

 

དོན་ཚན་ཞེ་དྲུག་པ། སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པར་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཁྲོམ་ར་ལྟ་སྡོམ་སྡེ་ཚན་གྱིས་ངེས་པར་དུ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་གཞོགས་འདེགས་བྱེད་དགོས་པ་མ་ཟད། ཁྲོམ་ར་ལྟ་སྡོམ་གྱི་ཁྲིམས་སྒྱུར་ཁྲོད་ཤེས་རྟོགས་བྱུང་བའི་སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་ཁྲིམས་འགལ་ངང་ཐོན་སྐྱེད་དང་ཕྱིར་འཚོང་གི་བྱེད་སྤྱོད་རིགས་དུས་ཐོག་ཏུ་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས།

 

དོན་ཚན་ཞེ་བདུན་པ། སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་གཤམ་གསལ་གྱི་བྱ་ཐབས་ཁག་སྤྱོད་ཆོག་པ་སྟེ།

 

(གཅིག)ས་ཡུལ་དངོས་ལ་ཞིབ་བཤེར་དང་། རྩད་ཞིབ། དཔང་རྟགས་ལེན་པ་བཅས་བྱེད་པ་དང་། (གཉིས)ཞིབ་བཤེར་བྱ་ཡུལ་ཚན་པའམ་ཡང་ན་མི་སྒེར་ནས་འབྲེལ་ཡོད་དཔྱད་ཡིག་མཁོ་འདོན་བྱེད་རྒྱུའི་རེ་བ་འདོན་པ།

 

(གསུམ)དོ་བདག་དང་དཔང་མིར་འདྲི་རྩད་བྱེད་པ་དང་འདྲི་རྩད་ཀྱི་ཟིན་ཐོ་འགོད་པ།

 

(བཞི)ཁྲིམས་ལྟར་དགོས་ངེས་ཀྱི་ལག་རྩལ་རང་བཞིན་གྱི་བཀག་སྡོམ་བྱེད་པའམ་ཡང་ན་འགོག་བཅད་ཀྱི་བྱ་ཐབས་སྤྱོད་པ།

 

(ལྔ)ཁྲིམས་འགལ་གྱིས་སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་བེད་སྤྱོད་བྱེད་རིགས། ཁྲིམས་ལྟར་གནས་སྐབས་བཀག་ཉར་བྱེད་པའམ་ཡང་ན་སྒོ་རྒྱ་སྡོམ་པ་བཅས་སོ།

 

ཞིབ་བཤེར་བྱ་ཡུལ་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་གཞོགས་འདེགས་བྱེད་དགོས་པ་ལས་དང་ལེན་མི་བྱེད་པ་དང་། འགལ་རྐྱེན་ནམ་ཡང་ན་འགོག་རྐྱེན་བཟོ་མི་ཆོག

 

དོན་ཚན་ཞེ་བརྒྱད་པ། སྐུད་མེད་གློག་འཕྲིན་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་གཏུམ་སྤྱོད་འཇིགས་སྐུལ་སོགས་ཀྱི་བྱེད་སྤྱོད་སྤེལ་རིགས་ལ། རྒྱལ་ཁབ་བདེ་འཇགས་དང་སྤྱི་བདེ་སོགས་སྡེ་ཚན་གྱིས་བརྟག་དཔྱད་དང་མྱུལ་ཞིབ་བྱེད་སྐབས་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཁྲིམས་ལྟར་རྒྱབ་སྐྱོར་བྱེད་དགོས།

 

དོན་ཚན་ཞེ་དགུ་པ། ཚན་པ་གང་ཞིག་གམ་ཡང་ན་མི་སྒེར་སུ་འདྲ་ཞིག་ཡིན་རུང་རྒྱལ་ཁོངས་ཕྱིའི་རྩ་འཛུགས་སམ་ཡང་ན་མི་སྒེར་ལ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་རྒྱལ་ཁོངས་ནང་ཁུལ་གྱི་གློག་རླབས་དཔྱད་གྲངས་ཀྱི་ཡིག་རིགས་མཁོ་འདོན་བྱེད་མི་ཆོག་ལ། སྐུད་མེད་གློག་འཕྲིན་སྤྱད་དེ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་གནོད་པའི་བྱེད་སྤྱོད་སྤེལ་མི་ཆོག

 

ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲིའི་སྐོར།

 

དོན་ཚན་ལྔ་བཅུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་ཕྱིར་འཚོང་བྱས་ནས་གཤམ་གསལ་གྱི་བྱེད་སྤྱོད་གྲས་ཤིག་ཡོད་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཤེས་གཏོང་རྒྱུ་དང་སྦྲགས། ཡོ་བསྲང་གཏན་ནས་མི་བྱེད་མཁན་ལ་དངུལ་ཆད་སྒོར་ལྔ་སྟོང་ཡན་ནས་སྒོར་ཁྲི་གཉིས་མན་འགེལ་རྒྱུ

 

(གཅིག)སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་སྤྱོད་འཐུས་མ་རག་པར་སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་ཐད་གང་བྱུང་དུ་འཕྲིན་ལམ་སྒྲིག་སྦྱོར་བྱེད་རིགས་དང་།

 

(གཉིས)སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་སྤྱོད་འཐུས་ཀྱི་ཁྱབ་ཁོངས་ལས་བརྒལ་ནས་སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་ཐད་འཕྲིན་ལམ་སྒྲིག་སྦྱོར་བྱེད་རིགས།

 

དོན་ཚན་ང་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་དབྱིབས་ཨང་དཔྱད་འཐུས་རག་པའི་སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་ཕྱིར་འཚོང་སྙན་དཔོད་བྱེད་སྐབས་མི་བདེན་རྫུན་བཟོ་བྱས་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་དུས་བཀག་ལྟར་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཡོ་བསྲང་གཏན་ནས་མི་བྱེད་པའམ་ཡང་ན་དུས་ཚོད་ཡོལ་ཡང་ཡོ་བསྲང་མ་བྱས་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཆ་འཕྲིན་ལས་སྟེགས་བརྒྱུད་སྤྱི་ཚོགས་ཐོག་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱེད་རྒྱུ།

 

དོན་ཚན་ང་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་སོ་སྔོན་སྒྲིག་ཆས་དང་། དཔེ་དབྱིབས་སྐུད་མེད་གློག་འཕྲིན་གྱི་རྒྱང་འཛིན་སྒྲིག་ཆས། སྐུད་མེད་ཁྱབ་ཆུང་དྲ་རྒྱའི་སྒྲིག་ཆས་སོགས་ནུས་ཚད་ཆུང་ཞིང་བར་ཐག་ཐུང་བའི་སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་སྒྲིག་ཆས་ཐོག་འཕེན་གཏོང་གནམ་སྐུད་དམ་ཡང་ན་འཕེན་འགུལ་ནུས་ཚད་ཀྱི་ཆེར་གཏོང་ཡོ་བྱད་སྣོན་སྒྲིག་བྱས་ནས་ཁྲིམས་ལྟར་གསར་འཛུགས་དང་བེད་སྤྱོད་བྱེད་མཁན་སྐུད་མེད་གློག་འཕྲིན་ཁང་(ས་ཚུགས)ལ་འགོག་རྐྱེན་བཟོས་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་སྦྲགས། ཡོ་བསྲང་གཏན་ནས་མི་བྱེད་མཁན་ལ། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་གསུམ་མན་གྱི་དངུལ་ཆད་འགེལ་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་མེད་མཁན་ལ་དངུལ་ཆད་སྒོར་ཉིས་བརྒྱ་ཡན་ནས་སྒོར་ཆིག་སྟོང་མན་འགེལ་རྒྱུ།

 

དོན་ཚན་ང་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་ཁྲིམས་འགལ་གྱིས་སྐུད་མེད་གློག་འཕྲིན་གྱི་འཕེན་གཏོང་བྱེད་སྒོ་སྤེལ་བར་ས་ཆ་དང་། སྒྲིག་ཆས། ཞབས་ཞུ་སོགས་ཀྱི་སྟབས་བདེའི་ཆ་རྐྱེན་བསྐྲུན་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་སྦྲགས། གནས་ཚུལ་ཚབས་ཆེ་བར་དངུལ་ཆད་སྒོར་ཁྲི་གཉིས་མན་བཀལ་ཆོག

 

དོན་ཚན་ང་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་སྐུད་མེད་གློག་འཕྲིན་གྱི་ལྟ་སྐུལ་ཚད་ལེན་སྒྲིག་བཀོད་གཏོར་སྐྱོན་གཏོང་བ་དང་རང་འགར་བཤིག་དཀྲོལ་བྱས་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་སྦྲགས། གནས་ཚུལ་ཚབས་ཆེ་བར་དངུལ་ཆད་སྒོར་ལྔ་སྟོང་ཡན་ནས་སྒོར་ཁྲི་གསུམ་མན་འགེལ་རྒྱུ།

 

དོན་ཚན་ང་ལྔ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་སྐུད་མེད་གློག་འཕྲིན་གྱི་བརྡ་རྟགས་འགོག་གཅོད(གནོན་སྡོམ)སྒྲིག་ཆས་རང་དགར་སྤྱོད་པའམ་ཡང་ན་ཚད་བཀག་བཟོས་པའི་འཕེན་གཏོང་གི་འཕྲིན་ལམ་དང་། ནུས་ཚད། དུས་ཚོད། ཁྱབ་ཁོངས་བཅས་གཞིར་བཟུང་སྐུད་མེད་གློག་འཕྲིན་འགོག་གཅོད(གནོན་སྡོམ)སྒྲིག་ཆས་བེད་སྤྱོད་མ་བྱས་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། སྐུད་མེད་གློག་འཕྲིན་གྱི་འགོག་གཅོད(གནོན་སྡོམ)སྒྲིག་ཆས་གཞུང་བཞེས་གཏོང་རྒྱུ་དང་སྦྲགས། ཡོ་བསྲང་གཏན་ནས་མི་བྱེད་མཁན་ལ་དངུལ་ཆད་སྒོར་ལྔ་སྟོང་ཡན་ནས་སྒོར་ཁྲི་གཉིས་མན་འགེལ་རྒྱུ།

 

དོན་ཚན་ང་དྲུག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་སྐུད་མེད་གློག་འཕྲིན་གྱི་འཕྲིན་ལམ་རང་དགར་སྤྱོད་པའམ་ཡང་ན་སྐུད་མེད་གློག་འཕྲིན་ཁང་(ས་ཚུགས)རང་དགར་གསར་འཛུགས་དང་བེད་སྤྱོད་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇཌ་ལ་གནོད་འཚེ་བཟོ་བ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ། དེ་བཞིན་སྐུད་མེད་གློག་འཕྲིན་གྱི་དོ་དམ་སྒྲིག་ལམ་ལ་གནོད་འཚེ་ཚབས་ཆེ་བཟོ་བ་སོགས་ཀྱི་བྱེད་སྤྱོད་རིགས་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཆད་པ་གཅོད་རྒྱུ་མ་ཟད། ཉེས་གསོག་གི་ཚད་ལ་སླེབས་ཚེ། ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

 

དོན་ཚན་ང་བདུན་པ། སྐུད་མེད་གློག་འཕྲིན་གཙོ་འགན་སྡེ་ཚན་དང་དེའི་ལས་བྱས་སྐུད་མེད་གློག་འཕྲིན་གྱི་དོ་དམ་ལས་དོན་སྤེལ་སྐབས། རང་འགན་སྣང་མེད་དུ་འཇོག་པ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་བྱས་ཚེ། འགན་འཁྲི་འཁུར་མཁན་འགོ་ཁྲིད་དང་ཐད་ཀའི་འགན་འཁྲི་ཡོད་མི་གཞན་དག་ལ་ཁྲིམས་བཞིན་ཆད་པ་གཅོད་རྒྱུ་མ་ཟད། ཉེས་གསོག་གི་ཚད་ལ་སླེབས་ཚེ། ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ། དོན་ཚན་ང་བརྒྱད་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བར་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ཕྱིན་གཏན་འབེབས་དེར་གཞིཊ་དགོས།

 

ལེའུ་བདུན་པ། ཞར་བྱུང་།

 

དོན་ཚན་ང་དགུ་པ། སྲོལ་ཡིག་འདི་2021ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ། 2014ལོའི་ཟླ་3ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོཌ་འདུ་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་བའི《བོད་རང་སྐྱོང་ལྗོངས་ཀྱི་སྐུད་མེད་གློག་འཕྲིན་གྱི་དོ་དམ་སྲོལ་ཡིག》དེ་དུས་གཅིག་ཏུ་རྩིས་མེད་གཏོང་རྒྱུ།

 

(ལྗོངས་རྩོམ་སྒྱུར་ཅུད་ནས་བསྒྱུར)