དགའ་ལྡན་ལྔ་མཆོད་ཆེན་མོ།

ཡོངས་ཁུངས།   གངས་རྒོད་སྤྲོ་སྐྱིད། རྩོམ་པོ།  བོད་ལྗོངས་འཕྲིན་དྲ། སྤེལ་དུས།  2015-12-04

 

དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།

དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས།།

བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།

གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།

བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།

དགའ་ལྡན་ལྔ་མཆོད་ཆེན་མོ་ནི། སྤྱི་ལོ ༡༤༡༩ ལོ་སྟེ་ས་ཕག་ལོའི་བོད་ཟླ་བཅུ་བའི་ཚེས་ཉེར་ལྔའི་ཉིན་ནི་རྗེ་ཙོང་ཁ་བ་བློ་བཟང་གྲགས་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའམ་སྐུ་གཤེགས་པའི་དུས་ཡིན་པས། དེའི་ཉིན་རྗེ་ཁོང་ཉིད་ཀྱི་རྗེས་འཇུག་པ་དང་དད་ལྡན་གྱི་སྦྱིན་བདག་མང་བོས་དགོན་སྡེ་ཁག་ནས་ཚོགས་ཆོས་བསྐོར། མཆོད་འབུལ་བྱས། ལྷ་བསང་སྔོན་མོ་ཕུད་དེ་རང་རེའི་བོད་རྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་ལ་སྐུ་དྲིན་ཤིན་ཏུ་ཆེ་བའི་རྗེ་ཙོང་ཁ་བ་ཆེན་མོར་རྗེས་དྲན་དང་མྱ་ངན་བྱེད་པའི་ཆེད་དུ་བཙུགས་པའི་དུས་ཆེན་ཞིག་ཡིན། ཕྱིས་སུ་འདི་ཉིད་རིམ་བཞིན་བོད་ཆོལ་ཁ་གསུམ་དུ་དར་བ་དང་། དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་སུ་ཡུལ་ཕྱོགས་མང་བོའི་དགོན་པ་དང་གྲོང་བའི་ཁང་ཀླད་དུ་མཚན་མོར་མར་དང་གཡིས་ཀྱི་མཆོད་མེ་དང་། གློག་སྒྲོན་ཕྲེང་བསྒྲིགས་ནས་མཆོད་པ་འབུལ་ལ་དེ་ལ་ཡོངས་གྲགས་སུ་གླིང་མེ་ཟེར། དད་ལྡན་གྱི་མཇལ་བ་རྒན་དར་གཞོན་གསུམ་ཀྱིས་ཀྱང་དགོན་སྡེ་དང་རྟེན་རྩ་ཆེན་བཞུགས་སའི་ལྷ་ཁང་ལ་ཕྱག་མཆོད་དང་མཚན་བསྐོར་སོགས་བརྒྱབ་ན་ནི་དགེ་བ་ལྡབ་འགྱུར་གྱིས་འཕེལ་བའི་དུས་ཆེན་ཞིག་ལ་བརྩི་བས། ཉིན་དེར་དགེ་བར་འབད་ཅིང་སྡིག་པར་འཛེམ་པའི་ཡུལ་སྲོལ་བཟང་བོ་ཞིག་ཀྱང་ཆགས་ཡོད་ལ། གྲྭ་བཙུན་དང་མཇལ་བ་རྣམས་ཀྱིས་ལག་ཏུ་བདུག་སྤོས་ཁྱེར་ནས་རྗེ་རིན་པོ་ཆེའི་གསོལ་འདེབས་སྙན་ཞིང་འཇེབས་པའི་དབྱངས་རྟ་རུ་བཀུགས་ནས་ཆོས་སྒྲས་ཡུལ་ལུང་ཁྱབ་པས་ཉན་ན་སེམས་སྤྲོ་བ། བསམ་ན་ཡིད་དགའ་བའི་སྣང་བ་བཅོས་མིན་དུ་སྟེར་ལ། ལྷག་པར་དུ་འདི་ལྟ་བུའི་དུས་ཆེན་དུ་བོད་མི་རིགས་ཀྱིས་སྤྱིར་བཏང་ན་སངས་རྒྱས་ཀྱི་བསྟན་པ་དང་སྒོས་སུ་འགྲོ་དོན་རྒྱ་ཆེར་སྤེལ་བའི་སྐྱེས་བུ་དམ་པ་རྣམས་ལ་སྙིང་ཁོང་ནས་དད་གུས་ཚད་མེད་དང་རྗེས་དྲན་ཞུ་བཞིན་པའི་བླ་མེད་ཀྱི་སྤྱོད་པ་གསལ་བར་མངོན་ཡོད། སྟོད་དབུས་གཙང་གི་ཡུལ་གྲུ་ཁག་གཅིག་ཏུ་ལྔ་མཆོད་ཀྱི་དགོང་མོར་རྗེ་ཙོང་ཁ་བ་ཆེན་མོར་དད་སེམས་མཚོན་བྱེད་དུ། མྱང་ཐུག་ཅེས་པའི་བག་ཐུག་ངེས་པར་དུ་འཐུང་དགོས་པ་དང༌། བོད་ཀྱི་མི་རྣམས་ཀྱིས་དགའ་ལྡན་ལྔ་མཆོད་ནས་བཟུང་དགུན་ཁ་དངོས་སུ་སླེབས་པའི་རྟགས་དང་མཚན་མར་འཛིན་ལ། གནའ་སྔ་མོར་དཔོན་རིགས་མི་འདྲ་བ་རྣམས་ཀྱིས་ཀྱང་དགུན་ཆས་གྱོན་པའི་ཡུལ་སྲོལ་ཡོད་པ་རེད། མཇུག་ཏུ་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་སྤུན་ཟླ་ལྷན་རྒྱས་དགའ་ལྡན་ལྔ་མཆོད་ལ་བཀྲ་ཤིས་དང་བཅས་ཁམས་བདེའི་སྨོན་ལམ་ཞུ་བཅས་སོ།།

༼རྩོམ་སྒྲིག་གསལ་དགའ།༽
ལོགས་སུ་ཉར་བ།  

ནོར་བུ་ག...

西藏人物

མི་སྣའི་...