您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཚེས༢༡ ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རྣམ་གྲངས་སྐྲུན་ཡུལ་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་གཞུང་ཁོངས་ཁེ་ལས་སུ་གཟབ་སྐྱོད་གནང་སྟེ། ནད་ཡམས་འགོག་ཟོན་དང་། ཨར་སྐྲུན་དང་ཐོན་སྐྱེད་སླར་གསོ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བཅས་ཐད་བརྟག་ཞིབ་གནང་བ་མ་ཟད་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད།
ཆེ་དགྲ་ལྷས་བོད་ལྗོངས་ལིང་ཧྥུང་རྒྱལ་སྤྱིའི་རིག་ནུས་ཟོག་འགྲེམས་སྡེ་གླིང་དུ་ནད་ཡམས་འགོག་ཟོན་ལ་གཟིགས་ཞིབ་གནང་སྐབས། ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་ནད་ཡམས་འགོག་ཟོན་བྱ་ཐབས་སྔ་སྣུར་དུ་བཟོས་ནས། འབྲེལ་ཡོད་ལས་དོན་གང་མགྱོགས་སླར་གསོ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དང་། བོད་ལྗོངས་མཐོ་རྩོད་ཨར་སྐྲུན་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིར་ནད་ཡམས་འགོག་ཟོན་དང་ཐོན་ནུས་སླར་གསོ། ཐོད་སྐྱེད་གཉེར་སྐྱོང་། འབྲེལ་ཡོད་ཁེ་ལས་ཀྱི་ལས་དོན་སླར་གསོ་སོགས་ཐད་ཀྱི་གནས་ཚུལ་མཁྱེན་རྟོག་ཞིབ་ཕྲ་གནང་བ་མ་ཟད། ནད་ཡམས་ཐོན་ཚུན་ཁེ་ལས་ཀྱིས་སྔོན་འགོག་ཚོད་འཛིན་བྱ་ཐབས་ནན་པོ་བཟུང་བ་དང་། རྒྱུན་ལྡན་གྱི་ཐོན་སྐྱེད་མཁོ་སྤྲོད་རྒྱུན་འཁྱོངས་བྱས་པར་ཁས་ལེན་གང་ལེགས་གནང་བ་དང་སྦྲགས། ཁེ་ལས་ཀྱི་འགན་འཁུར་བར་བྱེད་པོའི་འགན་འཁྲི་ཡག་པོ་སྒྲུབ་པ་དང་ཁྲོམ་རའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ། ཐོན་རྫས་ཀྱི་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་དགོས་པའི་བཀའ་མངགས་གནང་བ་རེད།
བརྟག་ཞིབ་གནང་ཚར་རྗེས་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཀྱི་གཙོ་གནད་གཞུང་ཁོངས་ཁེ་ལས་ཀྱི་ཨར་སྐྲུན་དང་ཐོན་སྐྱེད་སླར་གསོ་དང་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚོགས་འདུའི་ཐོག་གཙོ་གནད་གཞུང་ཁོངས་ཁེ་ལས་ཀྱིས་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནད་ཡམས་འགོག་ཟོན་བྱེད་པའི་རྨང་གཞིའི་ཐོག་ཁེ་ལས་ཀྱི་ཨར་སྐྲུན་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་ཤུགས་ཆེ་བཏང་ནས། ནད་ཡམས་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་གཉིས་ཀ་སྒྲུབ་ཐུབ་པ་བྱེད་དགོས་པ་དང་། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་ལ་སྐུལ་འདེད་རྒྱུན་མཐུད་གཏོང་བ། གཞུང་ཁོངས་མ་རྩར་ལྟ་སྡོམ་བྱེད་སྟངས་རྒྱུན་མཐུད་ལེགས་སུ་བཏང་སྟེ། གཞུང་ཁོངས་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས་པ་དང་ཨར་སྐྲུན་དང་ཐོན་སྐྱེད་སླར་གསོ་བྱས་པའི་ཁེ་ལས་སུ་ནད་ཡམས་འགོག་ཟོན་ལས་ཀར་གཅིག་འགྱུར་འཆར་འགོད་ངང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་རྒྱུག་ཡག་པོ་ཐུབ་པ་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།