མེ་ཏོག་རྫོང་གིས་ཇ་ལོའི་ཐོན་ལས་ལ་སྐུལ་འདེད་བཏང་ནས་མང་ཚོགས་འབྱོར་འབྲིང་ཕྱོགས་སུ་འཁྲིད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གིས་ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་ལེགས་ཆར་བརྟེན་ནས།  ཇའི་ཐོན་ལས་དེ་དབུལ་གྲོལ་འགག་སྒྲོལ་ལ་རོགས་འདེགས་བྱེད་པའི་གཙོ་ཁྲིད་ཐོན་ལས་ལ་བརྩིས་ནས་འཕེལ་རྒྱས་བཏང་བས་དེ་ཁུལ་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཏེ།  མོན་པ་དང་ལྷོ་པ་རིགས་ཀྱི་མང་ཚོགས་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱུང་ཡོད།  མེ་ཏོག་རྫོང་འདི་ཉིད་གནམ་གཤིས་དྲོ་ཞིང་བརླན་གཤེར་ལྡན་ལ་ས་རྒྱུ་གཤིན་པོ་ཡོད་པས།  བོད་ནས་ཇ་ལོ་འདེབས་རྒྱུར་འཚམས་ཤོས་ཀྱི་ཁུལ་ཁོངས་གྲས་ཤིག་ཡིན་པ་དང་།  དུས་རབས་གོང་མའི་ལོ་རབས་བདུན་ཅུ་པར་དེ་ཁུལ་མང་ཚོགས་ཀྱིས་ཇ་ལོ་འདེབས་འགོ་བཙུགས་ཡོད་ཀྱང་རང་མཁོ་རང་སྤྲོད་ཐུབ་ཙམ་རེད།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།  མེ་ཏོག་རྫོང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་པ་བྱ་ཆེད་ཇའི་ཐོན་ལས་གཙོ་ཁྲིད་དུ་འཛིན་ནས་ཇ་ལོ་འདེབས་འཛུགས་གཞི་ཁྱོན་ཆེ་རུ་བཏང་ཡོད།

མེ་ཏོག་རྫོང་ཨུད་ཀྱི་ཧྲུའུ་ཅི་དབང་ཏུང་གིས།  ཐོག་མར་ཇ་ལོ་འདེབས་འཛུགས་ཐད་མང་ཚོགས་ཚོར་ཧུར་སེམས་དེ་ཙམ་མིན་འདུག  ང་ཚོས་མང་ཚོགས་ཁག་ཅིག་ནང་སའི་ཇ་ལོ་ཐོན་སྐྱེད་ཁུལ་ཆེ་གྲས་ཁག་དུ་ལྟ་སྐོར་སློབ་སྦྱོང་བྱེད་པར་ཁྲིད་པ་དང་།  རིགས་གཅིག་མཁས་ཅན་གདན་ཞུ་བྱས་ཏེ་ལག་རྩལ་སློབ་པ་སོགས་བྱས་པས་མང་ཚོགས་ཀྱི་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་ཇ་ལོ་འདེབས་འཛུགས་ལག་རྩལ་ཤེས་ཐུབ་པ་བྱུང་རྗེས།  རྫོང་ནས་མ་དངུལ་བཏང་སྟེ་བཟོ་གྲྭ་སྐྲུན་པ་དང་མང་ཚོགས་ཀྱི་ཇ་ལོ་ཉོ་སྒྲུབ་བྱས་ནས་རང་སར་ལས་སྣོན་བྱེད་པ་བརྒྱུད་ཐོན་རྫས་ཁྲོམ་རའི་ཐོག་བཏོན་པ་དང་།  ཁེ་ལས་དང་རྟེན་གཞི།  ཞིང་དུད།  དྲ་ཐོག་ཚོང་ཁང་བཅས་ཟུང་འབྲེལ་གྱི་གཉེར་སྐྱོང་བྱེད་སྟངས་ལག་བསྟར་བྱས་པས་འདེབས་འཛུགས་དང་ཉོ་སྒྲུབ།  ལས་སྣོན།  ཕྱིར་འཚོང་བཅས་ཅུང་འཐུས་སྒོ་ཚང་བའི་ཇའི་ཐོན་ལས་གོང་འཕེལ་གཏོང་བའི་མ་ལག་སྤྱིར་ན་གྲུབ་ཐུབ་པ་བྱུང་ཡོད་ཅེས་གསུངས།

དུས་ཐུང་ལོ་ཤས་ནང་།  མེ་ཏོག་རྫོང་ནས་ཐོན་པའི་ཇ་ལོ་རྒྱལ་ཡོངས་ས་གནས་ཁག་ཏུ་བྲིན་ཁ་རྒྱུགས་པོ་བྱུང་བ་དང་།  ཇའི་ཐོན་ལས་འཕེལ་རྒྱས་ཕྱིན་པས་དེ་སྔོན་གྱི་དབུལ་ཕོངས་རྗེས་ལུས་ཀྱི་མེ་ཏོག་དེ་ཉིད་ད་ཆ་གོང་འཕེལ་མགྱོགས་པོ་འགྲོ་བཞིན་ཡོད།  དེང་སྐབས།  མེ་ཏོག་རྫོང་དུ་ཇ་ལོ་འདེབས་འཛུགས་ཁུལ ༥༦ དང་འདེབས་ཁྱོན་མུའུ་ཁྲི ༡.༧ བར་གཞི་ཁྱོན་ཆེ་རུ་ཕྱིན་ཡོད་པས་མང་ཚོགས ༥༠༠༠ ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་དང་།  སྤྱི་ལོ ༢༠༢༠ ལོའི་ཟླ་གསུམ་པ་ནས་ད་བར།  རྫོང་དེ་ཡོངས་ཀྱིས་ཇ་ལོ་རྒྱ་མ་ཁྲི ༦.༦ ལྷག་ཙམ་ཕྱིར་འཚོང་བྱས་པར་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི ༡༨༠ ལྷག་ཙམ་བྱུང་ཡོད།  དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ཁྲོད།  མེ་ཏོག་རྫོང་གིས་འདེབས་འཛུགས་གཞི་ཁྱོན་དང་ལག་རྩལ་ཁྱབ་གདལ།  ཇ་ལོའི་སྤུས་ཚད།  མང་ཚོགས་ཐེ་ཞུགས་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་ཇའི་ཐོན་ལས་སྔར་བས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་རེད།

དབང་ཏུང་གིས།  ད་ལོ་ང་ཚོས་ཇ་ལོ་འདེབས་ཁྱོན་མུའུ ༩༠༠༠ མང་དུ་བཏང་སྟེ་ལོ་མཇུག་ཏུ་སླེབས་སྐབས་ཞིང་འབྲོག་པ་མི་རེར་ཆ་སྙོམས་ཇ་ཞིང་མུའུ ༢.༥ རེ་ཟིན་པ་བྱེད་རྒྱུ་དང་།  གྲོང་ཚོ་རིམ་པའི་ཇ་ལོ་འདེབས་འཛུགས་ཁུལ་གྱི་གཉེར་སྐྱོང་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་བྱས་ནས།  མང་ཚོགས་རྣམས་ཐོན་ལས་བཟོ་པར་འགྱུར་བ་བྱས་ཏེ་ཡོང་འབབ་སྔར་བས་མང་བ་ཡོང་བ་བྱེད་རྒྱུ་དང་ཆབས་ཅིག  ཇའི་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བ་དང་མེ་ཏོག་རྫོང་གི་ཇ་ལོ་ཕྱིར་འཚོང་ལ་མུ་མཐུད་སྐུལ་འདེད་བཏང་སྟེ།  ཇ་ལོར་བརྟེན་ནས་ཕྱུག་འགྱུར་དང་ལས་ཞུགས་ཐུབ་པ་བྱེད་པ་བརྒྱུད་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ།  རྫོང་ཁོངས་མང་ཚོགས་ཀྱི་འཚོ་བ་ཇེ་ཡག་ཏུ་གཏོང་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]