您没有安装FlashPlayer或版本太低, 请点击获得最新版本FlashPlayer
ལོ་ལྔ་ཚན་བཅུ་གསུམ་པའི་ཚུན་དུ། ལྷོ་ཁ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྒྱལ་ལམ་རིམ་མཐོ་ཅན་དང་གྲོང་གསེབ་གཞུང་ལམ་དྲ་མིག་ཅན། མཐའ་མཚམས་གཞུང་ལམ་ཤར་གཏོང་ཅན་བཅས་སུ་འགྱུར་བ་བྱས་པ་དང་། སྔོན་ལ་འགྲིམ་འགྲུལ་གོང་འཕེལ་བཏང་བ་བརྒྱུད་ཁུལ་ཁོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་ཐུབ་པ་དང་དམངས་ལ་ཕན་འདོགས་ཐུབ་པ་བཅས་བྱུང་ཡོད།
དཔལ་འབྱོར་གོང་འཕེལ་གཏོང་བར་སྔོན་ལ་འགྲིམ་འགྲུལ་གོང་འཕེལ་གཏོང་དགོས་པ་དང་། དམངས་འཚོ་ལེགས་བཅོས་བྱེད་པར་སྔོན་ལ་འགྲིམ་འགྲུལ་ཆ་རྐྱེན་ལེགས་བཅོས་བྱེད་དགོས། ལོ་ལྔ་ཚན་བཅུ་གསུམ་པའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་འགྲིམ་འགྲུལ་བྱ་གཞག་གོང་འཕེལ་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ནས་མང་ཚོགས་ཀྱི་བློ་ཡིད་འཚིམ་པའི་གྲུབ་འབྲས་བཏོད་ཡོད།
ལྷོ་ཁ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཝུད་པིང་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྔ་ཚན་བཅུ་གསུམ་པའི་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར ༢༧༠.༤ བཏང་ནས་སྤྱིའི་རིང་ཚད་སྤྱི་ལེ ༨༤༠༠ ལྷག་ཙམ་ཟིན་པའི་གཞུང་ལམ་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས ༡༠ དང་མཐའ་སྲུང་གཞུང་ལམ་འཛུགས་སྐྲུན་གྱི་རྣམ་གྲངས ༡༠ ཉེན་ཁ་ཡོད་པའི་ཟམ་པ་བསྒྱུར་བཟོའི་གཙོ་གནད་རྣམ་གྲངས ༣ གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས ༣༦༧ བཅས་ལག་བསྟར་བྱས་པས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར ༤༨.༤ ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད།
ལོ་ལྔའི་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་སྔ་རྗེས་སུ་རྩེད་ཐང་ཟམ་ཆེན་ནས་རྫིང་ཕྱིའི་བར་གྱི་གཞུང་ལམ་དང་རྫིང་ཕྱི་ནས་རུ་ཐོག་བར་གྱི་གཞུང་ལམ། གོང་དཀར་འབབ་ཐང་ནས་རྩེད་ཐང་བར་གྱི་རིམ་མཐོའི་གཞུང་ལམ། རྒྱལ་ལམ ༥༦༠ གྱི་འཕྱོངས་རྒྱས་ནས་མཚོ་སྣའི་བར་གྱི་གཞུང་ལམ་སོགས་གཙོ་གནད་གཞུང་ལམ་སྐྲུན་ཡོད། ལོ་ལྔའི་རིང་ལྷོ་ཁ་གྲོང་ཁྱེར་གྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར ༦༠ ལྷག་ཙམ་བཏང་ནས་གྲོང་གསེབ་གཞུང་ལམ་རྣམ་གྲངས ༣༦༧ ལག་བསྟར་བྱས་པས། གྲོང་ཁྱེར་དེ་ཡོངས་ཀྱི་ཤང་༼ གྲོང་རྡལ ༽ ༨༢ ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་སྒྲིག་ཚུད་གྲོང་ཚོ ༥༤༩ ལ་གཞུང་ལམ་ཤར་གཏོང་ཐུབ་ནས་ཞིང་འབྲོག་མང་ཚོགས་ཁྲི་ཚོ ༢༡.༧ ལ་ཕན་པ་ཐོབ་ཡོད་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར ༣༡.༧ བཏང་ནས་མཐའ་སྲུང་གཞུང་ལམ ༨ སྐྲུན་ཡོད།
ལོ་ལྔའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་གཞུང་ལམ་བདག་སྐྱོང་ཐད་མ་འཇོག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་གཞུང་ལམ་བདག་སྐྱོང་གི་ལས་གཞི་ཆེ་འབྲིང་དང་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་ལས་གཞི། ཉེན་ཁ་ཡོད་པའི་ཟམ་པ་བསྒྱུར་བཟོའི་ལས་གཞི་སོགས་ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར ༢.༠༨ བཏང་ཡོད།
དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་ཡོངས་ཀྱི་གཞུང་ལམ་སྐྱེལ་འདྲེན་སྒྲིག་གཞི་བསྒྱུར་བཅོས་ལེགས་སྒྲུབ་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། དེང་སྐབས་ལྷོ་ཁ་གྲོང་ཁྱེར་གྱི་རྫོང་༼ ཆུས ༽ ༡༢ ཀྱི་ཤང་༼ གྲོང་རྡལ ༽ ༧༤ ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་སྒྲིག་ཚུད་གྲོང་ཚོ ༣༠༤ ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཡོད།།