您没有安装FlashPlayer或版本太低, 请点击获得最新版本FlashPlayer
གསར་འགོད་པས་རང་སྐྱོང་ལྗོངས་གོང་འཕེལ་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལོ་ལྔ་ཚན་བཅུ་གསུམ་པའི་རིང་རང་ལྗོངས་ཀྱི་ཐོན་ལས་འཛུགས་སྐྲུན་མགྱོགས་པོ་བྱུང་བ་དང་། ལྗོངས་ཡོངས་ཀྱི་ས་མཐོའི་སྐྱེ་དངོས་དང་ཡུལ་སྐོར་རིག་གནས། འབྱུང་འཕྲོད་བཟོ་ལས། དྭངས་གཙང་ནུས་རྒྱུ། དེང་རབས་ཞབས་ཞུ། མཐོ་གསར་གྲངས་འཛིན། མཐའ་མཚམས་ཉོ་ཚོང་ཟོག་འདྲེན་བཅས་ཐོན་ལས་ཆེན་པོ་བདུན་གྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར ༡༩༠༠ ལས་བརྒལ་ཏེ་གོང་འཕེལ་གྱི་ཕན་འབྲས་རིམ་བཞིན་ཐོན་ཡོད།
ལོ་ལྔ་ཚན་བཅུ་གསུམ་པའི་རིང་རང་ལྗོངས་ཀྱིས་མ་དངུལ་དང་གློག་རིན། རྨང་གཞིའི་སྒྲིག་བཀོད་སོགས་ཐད་ནས་ཁེ་ལས་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་པས། མཐོ་གསར་ལག་རྩལ་ཐོན་ལས་འབོར་ཆེན་ཞིག་བོད་དུ་དར་ཏེ། རང་སྐྱོང་ལྗོངས་ཆ་འཕྲིན་ཅན་གྱི་སྟོན་གྲངས་དེ་སྤྱི་ལོ ༢༠༡༥ ལོའི ༦༣.༣ ནས་སྤྱི་ལོ ༢༠༢༠ ལོའི ༧༥.༨ བར་འཕར་རྒྱུར་སྐུལ་ཁྲིད་ཐུབ་པ་དང༌། དེང་སྐབས་བོད་དུ་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཁེ་ལས ༣༠༠ ལས་བརྒལ་ཡོད་པ་དང་། གྲངས་འཛིན་དཔལ་འབྱོར་གཞི་ཁྱོན་སྒོར་དུང་ཕྱུར ༣༣༠ ལས་བརྒལ་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་དག་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་འགུལ་ཤུགས་གལ་ཆེན་ཞིག་ལ་གྱུར་ཡོད།
ཡུལ་སྐོར་ལས་རིགས་ཐད་ལ་ཡང་གྲུབ་འབྲས་ཆེན་པོ་ཐོབ་ཡོད་དེ། ལོ་ལྔ་ཚན་བཅུ་གསུམ་པའི་རིང་རང་ལྗོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར ༡.༦ ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར ༢༡༠༠ ལྷག་ཙམ་བྱུང་བ་དང༌། རང་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རའི་དྲ་ཐོག་འཛད་སྤྱོད་བྱེད་ཚད་ལོ་ལྟར་བརྒྱ་ཆ ༢༠ ཡན་གྱི་མྱུར་ཚད་ཐོག་ནས་རྒྱུན་མཐུད་འཕར་སྣོན་བྱུང་ཞིང༌། ལོ་ལྔའི་ནང་ཡུལ་སྐོར་ལས་རིགས་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར ༡༢༠.༡༥ ཟིན་ནས། ལྗོངས་ཡོངས་སུ་མགྲོན་ཁང་དང་གཡོས་སྦྱོར་ལས་རིགས་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར ༨.༢ ཟིན་རྒྱུར་སྐུལ་ཁྲིད་ཐུབ་ཡོད།
ཐོན་ལས་ཆེ་གྲས་བདུན་གོང་འཕེལ་མྱུར་པོ་ཕྱིན་པ་དང་སྦྲགས། རང་ལྗོངས་ཀྱི་གོང་འཕེལ་གཞི་རྟེན་ཡང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད་ཅིང༌། དེང་སྐབས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་རྟེན་གཞི་དང་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་པ་དང་། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དང་སྟག་རྩེའི་བཟོ་ལས་གླིང་ཁུལ། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ། མཚོ་བོད་བཟོ་ལས་གླིང་ཁུལ་སོགས་ནི་ལྗོངས་ཡོངས་ཀྱི་བཟོ་ལས་གོང་འཕེལ་གྱི་སྟོབས་ཤུགས་གལ་ཆེན་ལ་གྱུར་བ་དང་ཆབས་ཅིག རང་ལྗོངས་ཀྱིས་ད་དུང་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་དང་གླིང་ཁུལ ༢༣༤ བཙུགས་པར་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༦༠ ལས་བརྒལ་ཡོད།།