འཐུས་སྒོ་ཚང་བའི་འགྲིམ་འགྲུལ་དྲ་བས་རང་ལྗོངས་ས་གནས་ཁག་གི་ཏང་གི་འཐུས་མི་ཚོཌ་འདུར་ཕེབས་རྒྱུར་སྟབས་བདེ་བསྐྲུན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-11-26

རང་ལྗོངས་ཀྱི་འགྲིམ་འགྲུལ་དྲ་བ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད་པས།  རང་ལྗོངས་ས་གནས་ཁག་གི་ཏང་གི་འཐུས་མི་རྣམ་པ་འགྲིམ་འགྲུལ་འཁོར་རིགས་སྣ་ཚོགས་ལ་བརྟེན་ནས་ལྷ་སར་ཚོགས་འདུར་ཕེབས་ཡོད།

མེ་ཏོག་རྫོང་འབྲས་སྤུངས་ཤང་སྡི་གདོང་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ ༨༠༠ ཆོད་ཡོད་རུང་།  རང་སྐྱོང་ལྗོངས་ཏང་གི་འཐུས་མི། མེ་ཏོག་རྫོང་འབྲས་སྤུངས་ཤང་གི་ཤང་ཀྲང་གཞོན་པ། སྡི་གདོང་གྲོང་ཚོའི་ཏང་ཀྲེ་པུའི་ཧྲུའུ་ཅི་ཀའོ་རུང་ད་རེས་ལྷ་སར་ཚོགས་འདུར་ཕེབས་པར་ཆུ་ཚོད་བརྒྱད་ལས་འགོར་མེད་པ་རེད།  ཀའོ་རུང་གིས་ལོ་བཞིའི་གོང་སྡི་གདོང་གྲོང་ཚོར་ཨར་འདམ་ལམ་ཤར་གཏོང་ཐུབ་པས་དུད་ཁྱིམ་ཚང་མས་འཇིབ་ཆུང་དང་ཟོག་འདྲེན་རླངས་འཁོར་ཉོས་ཡོད།  དེ་བཞིན་གྲོང་ཚོའི་ནང་ཚོང་ཁང་བཙུགས་མཁན་མང་དུ་ཕྱིན་པས་མང་ཚོགས་ལ་སྟབས་བདེ་ཆེན་པོ་བྱུང་ཡོད་ཅེས་གསུངས།

ལོ་བརྒྱད་གོང་མེ་ཏོག་རྫོང་ལ་རླངས་འཁོར་ཐོག་མར་ཤར་གཏོང་བྱུང་བ་དང་།  ད་ལོའི་སྤྱི་ཟླ་ལྔ་པར་མེ་ཏོག་ཏུ་སྐྱོད་སའི་གཞུང་ལམ་གཉིས་པ་སྟེ་སྨན་གླིང་རྫོང་ཕད་གྲོང་རྡལ་ནས་མེ་ཏོག་རྫོང་བར་གྱི་གཞུང་ལམ་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་ཡོད།  རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་མཇུག་ཤོས་ཀྱི་རྫོང་ཞིག་ཡིན་པའི་ངོས་ནས་གཞུང་ལམ་ཤར་གཏོང་ཐུབ་པ་དེས་མེ་ཏོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད།  ཀའོ་རུང་གིས་ཏང་ཀྲུང་དབྱང་ནས་མཐའ་མཚམས་མི་དམངས་ལ་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  མཐའ་མཚམས་ཁུལ་གྱི་གྲོང་ཚོ་གོང་འཕེལ་མགྱོགས་པོ་བྱུང་བས།  ཚང་མས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིར་ཐུགས་རྗེ་ཆེ་ཞུ་ཚུལ་དེ་ངས་ད་རེས་ཀྱི་ཚོགས་འདུའི་ཐོག་གླེང་རྒྱུ་ཡིན་ཞེས་གསུངས། 

ཉིང་ཁྲིའི་ཏང་གི་འཐུས་མི་རྣམ་པ་རླངས་འཁོར་ལ་བཞུགས་ཏེ་ལྷ་ཉིང་རིམ་མཐོའི་གཞུང་ལམ་བརྒྱུད་ལྷ་སར་ཕེབས་པ་རེད།  ལྷོ་ཁའི་ཏང་གི་འཐུས་མི་རྣམ་པ་ཡང་རྩེད་གོང་རིམ་མཐོའི་གཞུང་ལམ་བརྒྱུད་ལྷ་སར་ཕེབས་ཡོད།  རང་སྐྱོང་ལྗོངས་ཏང་གི་འཐུས་མི། ཟངས་རི་རྫོང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ལག་རྩལ་པ་ཆོས་ཉིད་སྒྲོལ་དཀར་གྱིས།  ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་འགྲིམ་འགྲུལ་དྲ་བས་ཟངས་རིའི་གོང་འཕེལ་ལ་སྒུལ་ཤུགས་ཆེན་པོ་སྦྱིན་ཡོད་ཅེས་གསུངས།  ལྷོ་ཁ་གྲོང་ཁྱེར་གྱིས་སྟབས་བདེའི་འགྲིམ་འགྲུལ་ལ་བརྟེན་ནས་དེང་སྐབས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལེ་དབར་བརྒྱའི་སྐྱེ་ཁམས་ཁྱམས་ར་བསྐྲུན་པ་བརྒྱུད།  སྔོན་ཆད་གྱི་གྲམ་ཐང་དེ་ད་ལྟའི་ཕྱུག་འགྱུར་གྱི་འབྲས་ཤིང་ར་བར་སྐྲུན་བཞིན་ཡོད།

ད་ཆ་བོད་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ ༡༡༠༠ ལས་བརྒལ་བ་དང་།  མྱུར་བགྲོད་གཞུང་ལམ་དེ་དག་སྤུད་དག་གོང་འཕེལ་གྱི་སྒུལ་ཤུགས་གཙོ་བོར་གྱུར་ཡོད།  ཟླ་བ་གསུམ་གོང༌།  བོད་བྱང་ཐང་ནག་ཆུ་ནས་ལྷ་སའི་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་།  ནག་ཆུའི་ཏང་གི་འཐུས་མི་རྣམ་པ་ཡང་ལྷ་སར་ཕེབས་པར་ཆུ་ཚོད་གསུམ་ལས་འགོར་མེད།

རང་སྐྱོང་ལྗོངས་ཏང་གི་འཐུས་མི། ནག་ཆུ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའི་ཧྲུའུ་ཅི་སྐལ་བཟང་དབང་མོས།  མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ཚུན་དངོས་ཟོག་སོགས་འཁོར་རྒྱུག་མགྱོགས་པོ་བྱུང་ནས་ནག་ཆུར་འགྲན་སློང་དང་གོ་སྐབས་གསར་པ་བྱུང་ཡོད་ཅེས་གསུངས།

ད་ཆ་བོད་ལྗོངས་སུ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་གཞུང་ལམ་ཙམ་མ་ཟད་ཉིན་རེ་བཞིན་རིང་དུ་འགྲོ་བའི་ལྕགས་ལམ་དྲ་བ་ཡང་གྲུབ་བཞིན་ཡོད།  ལོ་བཅོ་ལྔའི་གོང་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་།  ལོ་བདུན་གོང་ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་ཡོད་ལ།  ད་ལོའི་སྤྱི་ཟླ་དྲུག་པར་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ཡང་བོད་དུ་སླེབས་ཡོད།  གཞིས་རྩེའི་ཏང་གི་འཐུས་མི་རྣམ་པ་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ལ་བཞུགས་ནས་ལྷ་སར་ཕེབས་པ་རེད།

ཕན་ཚུན་འབྲེལ་མཐུད་ཀྱི་འགྲིམ་འགྲུལ་དྲ་བས་བོད་ཀྱི་ཤར་ནུབ་གཉིས་སུ་གནས་པའི་མངའ་རིས་དང་ཆབ་མདོ་གཉིས་ནས་ལྷ་ས་འགྲོ་འོང་བྱེད་རྒྱུར་སྟབས་བདེ་ཆེན་པོ་བསྐྲུན་ཡོད་ཅིང་།  ད་རེས་ས་ཆ་དེ་གཉིས་ཀྱི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་རྣམ་པ་གནམ་གྲུར་བཞུགས་ནས་སྔ་ས་ནས་ལྷ་སར་ཕེབས་འབྱོར་བྱུང་ཡོད།  རང་སྐྱོང་ལྗོངས་ཏང་གི་འཐུས་མི། མངའ་རིས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་ལིའུ་ཏུང་ཧྲེང་གིས།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་འགྱུར་ལྡོག་ཆེན་པོ་བྱུང་བ་དང་།  གཙོ་གནད་རྣམ་གྲངས་དང་དམངས་སེམས་ལས་གཞི་འབོར་ཆེན་ལག་བསྟར་བྱས་པ་དེས་མི་སེམས་གཅིག་སྒྲིལ་ཐུབ་ཡོད་ཅེས་གསུངས། 

ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་འགྲིམ་འགྲུལ་དྲ་བ་ནི་དུས་རབས་གསར་པའི་བོད་ལྗོངས་ཉིན་རེ་བཞིན་མ་འདས་པར་གོང་འཕེལ་འགྲོ་བའི་མངོན་ཚུལ་ཙམ་ཞིག་རེད།  རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག  ང་ཚོར་གོང་འཕེལ་གྱི་གཏམ་བཟང་དེ་བས་མང་བ་ཐོས་རྒྱུ་དང་དེ་བས་མཛེས་སྡུག་ལྡན་པའི་མ་འོངས་འཆར་འགོད་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]