ཡན་ཅིན་ཧའེ་ཡིས་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-11-28

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས།  རང་ལྗོངས་ཀྱི་རྒན་རྒོན་མང་བའི་སྣང་ཚུལ་ལ་ཁ་གཏད་གཅོག་པ་དང་།  དབང་པོ་སྐྱོན་ཅན་པའི་འགན་སྲུང་དང་གོང་འཕེལ་འཆར་འགོད།  འཐུང་ཆུའི་བདེ་འཇགས་སོགས་ཀྱི་བྱ་བར་ཞིབ་འཇུག་གནང་ནས་ཐབས་བརྒྱ་ཇུས་སྟོང་ངང་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་ཐབས་གནང་བ་རེད།  
ཚོགས་འདུའི་ཐོག རྒན་རྒོན་མང་བའི་སྣང་ཚུལ་ལ་ཁ་གཏད་གཅོག་པའི་འཐབ་ཇུས་ཀྱི་གོ་སྐབས་དང་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་པ་དང་།  ལམ་ལུགས་འཐུས་སྒོ་ཚང་དུ་གང་མགྱོགས་གཏོང་བ།  དཔལ་འབྱོར་གྱི་རྨང་གཞི་བརྟན་དུ་གཏོང་བ།  ཐོན་རྫས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱེད་ཁྱོན་ཆེ་རུ་གཏོང་བ།  རྒན་རྒོན་ལ་མཛའ་གྲོགས་ཀྱི་ཁོར་ཡུག་གཏོད་པ་བཅས་བྱས་ཐོག་སྔ་ཙམ་དང་ཕྱོགས་བསྡུས།  ཚན་རིག་དང་མཐུན་པ་བཅས་ཀྱི་ངང་ཁ་གཏད་གཅོག་སྟེ།  རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་སྤྲོ་སྣང་ཡོད་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད།  
ཚོགས་འདུའི་ཐོག ལོ་ལྔ་ཚན་བཅུ་བཞི་པའི་རིང་རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་པའི་འགན་སྲུང་དང་གོང་འཕེལ་འཆར་འགོད་ལ་ཞིབ་འཇུག་བྱས་ནས།  ཁེ་དབང་འགན་སྲུང་དང་སྤྱི་པའི་ཞབས་ཞུ།  ལས་ཞུགས་འབབ་འཕར་བཅས་ལ་དམིགས་ཏེ་དབང་པོ་སྐྱོན་ཅན་པའི་ཞབས་ཞུ་འགན་སྲུང་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་བྱས་པ་རེད། 
རང་ལྗོངས་ཀྱི་ཆུའི་བདེ་འཇགས་འགན་ལེན་དང་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་སྤྲོད་ལས་གཞི་འཁོར་རྒྱུག་དོ་དམ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས་པ་དང༌།  གཙང་ཆུའི་ཆུ་མགོ་དང་སྐྱེ་ཁམས་ཞན་ཁུལ།  ས་མཐོའི་གཙོ་གནད་གཙང་པོ་དང་མཚེའུ།  འཁྱགས་རོམ།  འདམ་ར་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག་རིག་ལྡན་ཆུ་བེད་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེ་བཏང་སྟེ།  རང་བྱུང་གནོད་འཚེའི་འགོག་རགས་གང་མགྱོགས་སྐྲུན་དགོས་པ་དང་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ཡོང་བ་བྱེད་པའི་མཐའ་ཚད་བརྟན་སྲུང་བྱས་ཏེ།  དྲིལ་བསྒྲགས་ཁྲིད་སྟོན་དང་ཉམས་གསོ་བདག་སྐྱོང༌།  སྟབས་བསྟུན་ལྟ་ཞིབ་ཚད་ལེན།  ཁྲིམས་འཛིན་འགན་ནུས་བཅས་ཆེ་རུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་སྤྲོད་འགན་སྲུང་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་ཡོད།

ཚོགས་འདུའི་ཐོག རྒྱལ་ཁབ་ཀྱི་ཁུལ་ཁོངས་སྨན་བཅོས་འཕྲོད་བསྟེན་ལྟེ་གནས་བསྐྲུན་རྒྱུ་ནི་རྒྱལ་ཁབ་རིམ་པའི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་རང་ལྗོངས་སུ་མཉམ་སྤྱོད་ཐུབ་པ་བྱེད་པའི་དམ་འཛིན་བྱེད་ས་གལ་ཆེན་ཞིག་དང་།  རང་ལྗོངས་མི་རིགས་ཁག་གི་མང་ཚོགས་ཚོའི་བདེ་ཐང་ལ་ཕན་འདོགས་པའི་དམངས་འཚོའི་རྣམ་གྲངས་གལ་ཆེན་ཞིག་ཡིན་པས།  རང་འགུལ་ངང་སྤེལ་རེས་འབྲེལ་མཐུད་དང་གྲོས་བསྡུར་བྱེད་ཤུགས་ཆེ་རུ་གཏོང་བ།  སྲིད་ཇུས་དང་མ་དངུལ།  ས་ཆ།  ཤེས་ལྡན་པ་སོགས་ཐད་ཀྱི་རྒྱབ་སྐྱོར་དང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ།  རྣམ་གྲངས་གང་མགྱོགས་ལག་བསྟར་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད།  
ཚོགས་འདུའི་ཐོག་ད་དུང་རང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་སྤྲོད་ཐབས་དང་།  ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་སྤུས་དག་གོང་འཕེལ་གསར་གཏོད་མཐོར་གཏོང་བྱེད་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་སྲིད་གཞུང་གི་བསམ་འཆར་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]