གསར་འགོད་པས་ལྷ་ས་མེ་འཁོར་འབབ་ཚུགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ལོ ༢༠༢༢ ལོའི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་ལས་དོན་སྤྱི་ཟླ་དང་པོའི་ཚེས ༡༧ ཉིན་ནས་འགོ་བཙུགས་ཏེ་སྤྱི་ཟླ་གཉིས་པའི་ཚེས ༢༥ ཉིན་མཇུག་སྒྲིལ་རྒྱུ་ཡིན་པ་དང་། ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་འགྲུལ་པ་མི་ཐེངས་ཁྲི་ཚོ ༡༨ སྐྱེལ་འདྲེན་བྱེད་རྩིས་ཡོད་ཅིང་། ཉིན་རེར་ཆ་སྙོམས་མི་ཐེངས ༤༥༠༠ ཟིན་པ་བྱེད་རྒྱུ་དེ་དུས་མཚུངས་པ་ལས་བརྒྱ་ཆ་ལྔ་འཕར་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་རྒྱང་ཐག་རིང་བའི་འགྲུལ་པ་ནི་པེ་ཅིང་དང་ཧྲང་ཧའེ། ཀོང་ཀྲའུ། ལན་ཀྲའུ། ཤི་ཨན་སོགས་ཕྱོགས་སུ་སྐྱོད་མཁན་ཡིན་པ་དང་། རྒྱང་ཐག་ཐུང་བའི་འགྲུལ་པ་ནི་གོར་མོ་དང་ནག་ཆུ། གཞིས་རྩེ་སོགས་ཀྱི་ཕྱོགས་སུ་སྐྱོད་མཁན་ཡིན།
དཔྱིད་གསར་དུས་ཆེན་རིང་ཡུལ་སྐོར་སྐྱེལ་འདྲེན་ལས་དོན་ཡག་པོ་སྒྲུབ་ཆེད། ཉིན་ཤས་གོང་ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་ནག་ཆུ་དང་གཞིས་རྩེ། ཨ་མདོ་སོགས་ས་ཚུགས་སྒྲིག་འཛུགས་བྱས་ནས་རྩ་འཛུགས་ཚན་པ་བཙུགས་ཏེ་མི་སྣ་དང་འགན་འཁྲི། ལས་ཀའི་བླང་བྱ་བཅས་ཁ་གསལ་བཟོ་བ་དང་། སྡོད་བྱའི་རེའུ་མིག་བཟོས་ཏེ་ཉིན་ལྟར་ལས་གནས་ཐོག་སྡོད་བྱ་བྱེད་མཁན་ལས་བྱེད་པ་ཡོད་པ་བྱེད་རྒྱུ། དཔྱིད་གསར་དུས་ཆེན་རིང་སྐྱེལ་འདྲེན་ལས་དོན་ཐད་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ། ཆ་འཕྲིན་སྤེལ་ལམ་བཤངས་ནས་དུས་ཐོག་ཏུ་ཆ་འཕྲིན་ལྡོག་འདྲེན་ཡང་དག་ཐུབ་པ་བྱེད་རྒྱུ་དང་། ལྷག་པར་དུ་ས་ཚུགས་ཁག་གི་འགྲུལ་པ་སྐྱེལ་འདྲེན་སྒྲིག་ཆས་སྒྲིག་བཀོད་དང་རིམས་འགོག་བྱ་ཐབས། འགག་རྩའི་ལས་གནས་བཅས་སུ་དོ་དམ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐོལ་བྱུང་གནད་དོན་དུས་ཐོག་ཏུ་སྙན་སེང་ཞུ་རྒྱུ་མ་ཟད། ས་གནས་ས་ཐོག་ཏུ་མཛུབ་ཁྲིད་དང་མཐུན་སྦྱོར་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་ཡང་བཏང་སྟེ། དཔྱིད་གསར་དུས་ཆེན་རིང་གི་སྐྱེལ་འདྲེན་ལས་དོན་གོ་རིམ་ལྡན་ལ་སྟངས་འཛིན་ཐུབ་པ་བྱེད་རྒྱུ་རེད།
འགྲུལ་པའི་འགྲུལ་བཞུད་བདེ་འཇགས་འགན་ལེན་བྱ་ཆེད། ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་ནད་ཡམས་འགོག་ཟོན་དང་བདེ་འཇགས་ཞིབ་བཤེར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། འབབ་ཚུགས་ཀྱི་འཛུལ་སྒོར་ལས་དོན་པས་འགྲུལ་པ་ཚོར་འཕྲིན་གཏོང་གྲངས་གཞི་ཆེ་མོའི་འགྲོ་ལམ་གཱ་དང་བོད་བདེ་ཤར་གཏོང་བཤེར་རྟགས་བཤེར་བ། ཁ་རས་ཡག་པོ་བརྒྱབ་རྗེས་གཞི་ནས་འཛུལ་ཆོག་པའི་དྲན་སྐུལ་བྱེད་རྒྱུ་མ་ཟད། བདེ་འཇགས་ཞིབ་བཤེར་བྱེད་སར་ལས་མི་ཁ་སྣོན་བྱས་ཏེ་བདེ་འཇགས་ཞིབ་བཤེར་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་མི་ཚོགས་ཉུང་དུ་གཏོང་ཆེད་མེ་འཁོར་སྒུག་ཁུལ་དུ་ཡང་ཁུལ་ཁོངས་དབྱེ་རྒྱུ་རེད།
ཕ་ཡུལ་དུ་ཕྱིར་ལོག་བྱེད་མཁན་ལས་བཟོ་པ་དང་སློབ་མའི་ཚོགས་པར་དམིགས་ཏེ་ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་སྔ་སྣུར་དུ་བརྟག་ཞིབ་བྱས་ནས་གནས་སྐབས་ཀྱི་འགྲུལ་སྐྱེལ་མེ་འཁོར་ཁ་སྣོན་འོས་འཚམས་བྱེད་རྒྱུ་དང་། ཚོགས་པའི་མེ་འཁོར་སྤ་སེ་ཉོ་ས་བཀོད་སྒྲིག་བྱ་རྒྱུ་ཕུད། ས་ཚུགས་དེའི་ཚོན་དོག་སྣ་ལྔའི་ཁ་བཏགས་ཞེས་པའི་ཞབས་ཞུ་ས་ཚིགས་ཀྱིས་དུས་ཐོག་ཏུ་རྡོག་མཁྲེགས་ཅུང་མང་བ་དང་རྒན་རྒོན་སོགས་ལ་རོགས་རམ་བྱེད་རྒྱུ་རེད།།