སྤྱི་ལོ ༢༠༢༡ ལོའི་ཟླ་བཅུ་པར་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་གྲོང་ཚོར་བདམས་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གཡང་ཤོད་ཤང་གཡང་ཤོད་གྲོང་ཚོའི་ནང་གི་འགྲོ་ལམ་གཙང་ལ་རྒྱ་ཆེ་བ་དང་། གྲོང་ཚོ་རིམ་པའི་ཏང་ཡོན་དང་མང་ཚོགས་ཀྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་ཀྱི་སྒྲིག་ཆས་ཆ་ཚང་བ་སྟེ་འཕྲོད་བསྟེན་ཁང་དང་། དཔེ་མཛོད་ཁང་། ལན་ཆིའུ་སྤོ་ལོ་རྒྱག་ས་བཅས་ཚང་མ་ཡོད་པ་མ་ཟད། གྲོང་མིའི་ལས་ཞོར་རིག་གནས་འཚོ་བ་ཡང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།
གཡང་ཤོད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་ཀྲང་ཅན་ཧའོ་ནས། ཉེ་བའི་ལོ་ཤས་རིང་གཡང་ཤོད་གྲོང་ཚོས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་དང་། ལས་སྟེགས་གཏོད་པ། དཔལ་འབྱོར་སྟོབས་ཆེར་གཏོང་བ། དམངས་སེམས་གཅིག་ཏུ་བསྡུ་བ་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཐོག་གྲོང་ཚོ་ཨུ་ལྷན་གྱི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། ལས་བྱེད་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ། དོན་རྐྱེན་མི་ཐོན་པ་དང་ཞབས་ཞུ་ཡག་པོ་སྒྲུབ་པ་བཅས་བྱས་ནས། གྲོང་ཚོ་དེ་ཡོངས་ཀྱི་རང་སྐྱོང་ལམ་སྲོལ་ལ་ཕན་འབྲས་རགས་ཙམ་ཐོན་ཡོད། རྨང་གཞི་དེའི་ཐོག་གཡང་ཤོད་གྲོང་ཚོས་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་པས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཤུགས་སྣོན་ཐེབས་པ་མ་ཟད། མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད་ཅེས་བཤད།
སྤྱི་ལོ ༢༠༢༠ ལོའི་ཟླ་བཅུ་པར་གཡང་ཤོད་གྲོང་ཚོར་མཉམ་ལས་ཁང་བཙུགས་པ་དང་། མཉམ་ལས་ཁང་གིས་ཚོང་ཁང་བོགས་མར་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཡོང་འབབ་བསགས་ཏེ། ལོ་ལྟར་ཡོང་འབབ་སྒོར་ཁྲི ༡༦ ལྷག་ཙམ་ཟིན་པས་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་ ༡༡༨ ཀྱི་མི་གྲངས ༧༥༠ ལྷག་ཙམ་ལ་ཕན་པ་ཐོབ་ཡོད། སྤྱི་ལོ ༢༠༢༡ ལོར་གཡང་ཤོད་གྲོང་ཚོས་བོད་སྨན་གྱི་སྨན་རྒྱུ་འདེབས་འཛུགས་ཐོན་ལས་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ཤིང་། གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་མང་ཚོགས་སྐུལ་སློང་བྱས་ཏེ་ངལ་ནུས་བཏོན་ནས་སྨན་རྩྭ་སྙི་བ་མུའུ ༡༠༠ བཏབ་པ་དང་། སྔོན་དཔག་བྱས་ན་མུའུ་རེར་ཡོང་འབབ་ཁེ་གཙང་སྒོར་ཁྲི ༡.༧ ཡོང་རྒྱུ་དང་། གཡང་ཤོད་གྲོང་ཚོར་ཁྱོན་འབབ་འཕར་སྒོར་ཁྲི ༡༧༠ ལྷག་ཙམ་ཡོང་རྒྱུ་མ་ཟད། དུད་ཚང་རེར་འབབ་འཕར་སྒོར་ཁྲི ༡.༤ ཡོང་རྒྱུ་རེད།
གྲོང་མི་ཚེ་རིང་གཡང་འཛོམས་ནས། སྔོན་མ་འགྲོ་ལམ་གྱི་གང་སར་ལྕི་བས་ཁེངས་པ་དང་སྤྱི་པའི་གསང་སྤྱོད་ཀྱང་མེད། ད་ཆ་འགྲོ་ལམ་གཙང་བ་མ་ཟད། སྤྱི་པའི་གསང་སྤྱོད་ཀྱང་ཧ་ཅང་གཙང་བས་གྲོང་ཚོའི་ཁོར་ཡུག་ལ་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དེ་དང་དུས་མཚུངས་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་སྐུལ་ཁྲིད་འོག་ང་ཚོའི་ཡོང་འབབ་ཀྱང་ལོ་རེ་ལས་མ་འདས་པར་མང་དུ་ཕྱིན་ནས་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་སོང་ཞེས་བཤད།།