ད་ལོའི་སྤྱི་ཟླ་དྲུག་པའི་ཟླ་མཇུག་བར་རང་ལྗོངས་ཀྱིས་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར༡༨ལྷག་ཙམ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-19

ད་ལོའི་སྤྱི་ཟླ་དྲུག་པའི་ཟླ་མཇུག་བར་རང་ལྗོངས་ཀྱིས་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར ༡༨.༩༨ བཏང་ནས་དབུལ་གྲོལ་དུད་ཚང་ཁྲི་ཚོ ༡༤.༣༥ ལ་རྒྱབ་སྐྱོར་བྱས་ཡོད།  སྤྱི་ལོ ༢༠༢༠ ལོའི་བར་ལྗོངས་ཡོངས་སུ་བཅོལ་དངུལ་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཀྱི་ལས་གཉེར་ས་ཚིགས ༩༣༢ ཟིན་ནས།  ཤང་གྲོང་དུ་ལས་གཉེར་ས་ཚིགས་ཁྱབ་ཚད་བརྒྱ་ཆ ༨༠.༩༢ ཟིན་ཡོད་ཅིང་།  རང་ལྗོངས་ཀྱི་ཀུན་ཕན་དངུལ་རྩ་གོང་འཕེལ་མངོན་གསལ་དོད་པོ་བྱུང་ནས།  དངུལ་རྩའི་བསྒྱུར་བཅོས་དང་གོང་འཕེལ་གྲུབ་འབྲས་ཀྱིས་སྤྱི་ཚོགས་ལས་རིགས་ཁག་ལ་ཕན་པ་ཤུགས་ཆེ་ཐོབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  ལོ་ལྔ་ཚན་བཅུ་གསུམ་པའི་རིང་རང་ལྗོངས་ཀྱིས་དངུལ་རྩའི་ཞབས་ཞུ་སྒྲུབ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས།  དངུལ་བཅོལ་མཁན་མང་དུ་ཕྱིན་པ་དང་གྲངས་འཛིན་གཏོང་སྤྲོད་ཁྱབ་ཚད་ཆེ་རུ་ཕྱིན་ནས་ཞིང་ཕན་དངུལ་རྩའི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།  གཞན་ཡང་།  ཁེ་ལས་ཀྱི་ཡིད་རྟོན་དངུལ་བུན་དགོས་མཁོ་སྐོང་ཆེད།  རང་ལྗོངས་ཀྱིས་སྲིད་གཞུང་དང་དངུལ་རྩའི་ཚན་པ།  ཁེ་ལས་བཅས་ཀྱི་སྤེལ་རེས་མཉམ་ལས་ལས་སྟེགས་བཙུགས་ནས།  སྲིད་གཞུང་དང་དངུལ་རྩ།  ཁེ་ལས་བཅས་ཀྱི་མ་དངུལ་བསྡུ་སྒྲིལ་འབྲེལ་མཐུད་ཀྱི་འཆར་ཅན་ཚོགས་འདུའི་ལམ་ལུགས་བཙུགས་པ་དང་ཆབས་ཅིག  རང་ལྗོངས་ཀྱི་དངུལ་རྩའི་ཚན་པས་གཉིས་གཏོད་ལས་ཀར་སྐུལ་འདེད་ཧུར་ཐག་བཏང་ནས།  སྤྱི་ལོ ༢༠༢༠ ལོའི་བར་ལྗོངས་ཡོངས་ཀྱི་གཉིས་གཏོད་བྱ་གཞག་ཐད་དངུལ་བུན་སྒོར་དུང་ཕྱུར ༤༥.༣༥ བཏང་ཡོད་པ་དེ།  ལོ་སྟོད་ལས་བརྒྱ་ཆ ༤༢.༤༦ གིས་མང་བ་བྱུང་ཡོད་པ་དང་ལོ་འཁོར་མོར་ཁྱོན་དངུལ་བུན་སྒོར་དུང་ཕྱུར ༢༣.༨༧ བཏང་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ལོ ༢༠༢༠ ལོའི་བར་རང་ལྗོངས་ཀྱིས་དངུལ་རྩའི་དབུལ་སྐྱོར་གནད་འཕིགས་ཀྱི་དངུལ་བུན་སྒོར་དུང་ཕྱུར ༡༣༢༣.༡༨ བཏང་བ་དེས།  ལྗོངས་ཡོངས་ཀྱི་དངུལ་བུན་ཁག་གི་སྤྱི་འབོར་གྱི་བརྒྱ་ཆ ༢༦.༦༩ ཟིན་ཡོད་པ་དང་།  ཐོན་ལས་དབུལ་སྐྱོར་གནད་འཕིགས་དངུལ་བུན་དང་རྣམ་གྲངས་དབུལ་སྐྱོར་གནད་འཕིགས་དངུལ་བུན་གྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་དབུལ་སྐྱོར་ཐོན་ལས་རྣམ་གྲངས།  ཞིང་འབྲོག་ཁུལ་གྱི་ཆུ་དང་གློག  ལམ།  འཕྲིན་གཏོང་།  དྲ་བ་སོགས་ཀྱི་རིམ་སྤོར་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ནུས་ལྡན་ཐུབ་པ་མ་ཟད།  ལས་རིགས་ཁག་གིས་ཡུལ་བབ་དང་བསྟུན་ནས་ཞིང་གསུམ་དངུལ་རྩའི་ཞབས་ཞུ་སྒྲུབ་ཏེ་ཁེ་ལས་སོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ཧུར་ཐག་བསྐངས་བ་མ་ཟད།  ཡིད་རྟོན་མ་ལག་དང་གཏོང་སྤྲོད་ཁོར་ཡུག་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་བས།  ཞིང་འབྲོག་ཁུལ་གྱི་རྨང་གཞིའི་དངུལ་རྩའི་ཞབས་ཞུ་གཞི་རྩའི་ཆ་ནས་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]