རང་ལྗོངས་ཀྱིས་སྐར་མ་ལྔའི་ཏང་ཡོན་དང་སྐར་མ་བཅུའི་ཞིང་དུད་གསར་གཏོད་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2015-10-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་།  རང་ལྗོངས་ཀྱི་ས་ཁུལ༼གྲོང་ཁྱེར༽ བདུན་གྱི་གྲོང་ཚོ་རིམ་པའི་རྩ་འཛུགས ༡༠༠༠ ལྷག་ཙམ་གྱིས་ཏང་ཡོན་མང་ཚོགས་ཀྱི་སློབ་གསོ་དོ་དམ་བྱེད་སྟངས་གསར་གཏོད་ཧུར་ཐག་བྱས་པ་དང་།  ཞིང་འབྲོག་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཁྲོད་སྐར་མ་ལྔའི་ཏང་ཡོན་དང་སྐར་མ་བཅུའི་ཞིང་དུད་ཅེས་པའི་གསར་གཏོད་བྱེད་སྒོ་སྤེལ་ནས།  ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་སྤེལ་བྱེད་པ་དང་།  གྲོང་མིས་རང་གིས་རང་ལ་དོ་དམ་དང་རང་གིས་རང་ལ་སློབ་གསོ།  རང་གིས་རང་བཅུན་པ་བཅས་བྱེད་ཤུགས་ཆེ་རུ་བཏང་བ་དང་།  མང་ཚོགས་ཀྱིས་བདེ་ཐང་དང་ཤེས་དཔལ་ཀྱི་འཚོ་བ་སྐྱེལ་སྟངས་བརྩོན་ལེན་བྱེད་རྒྱུར་ཁྲིད་སྟོན་བྱས་པས་ཞིང་འབྲོག་ཁུལ་དུ་ཡུལ་སྲོལ་ཤེས་དཔལ་དང་གྲོང་མི་ཞི་མཐུན་གྱི་རྣམ་པ་བཟང་པོ་མངོན་ཡོད་པ་རེད།

བྱེད་སྒོའི་ནང་།  གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱིས་གྲོང་ཚོའི་དོན་དངོས་ལ་གཞིགས་ཏེ་སྐར་མ་ལྔའི་ཏང་ཡོན་དང་སྐར་མ་བཅུའི་ཞིང་དུད་ཅེས་པའི་གསར་གཏོད་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་བཟོས་ནས་བྱེད་སྒོའི་དམིགས་ཡུལ་དང་ནང་དོན།  དོན་སྙིང་དང་བྱ་ཐབས།  གོམ་སྟབས་བཅས་སྔར་བས་ཞིབ་ཕྲ་བཟོས་ཏེ་བྱེད་སྒོའི་བཀོལ་སྤྱོད་རང་བཞིན་ལ་འགན་སྲུང་བྱས་ཡོད་པ་དང་།  སྐར་མ་ལྔའི་ཏང་ཡོན་དང་སྐར་མ་བཅུའི་ཞིང་དུད་ཀྱི་ནང་དོན་བཀོད་སྒྲིག་ཐད་ཞིང་འབྲོག་ཁུལ་གྱི་ཏང་ཡོན་མང་ཚོགས་ཀྱི་སྔོན་ཐོན་རང་བཞིན་གྱི་ཚད་གཞི་དང་ཞེ་ཁྲེལ་ལྟ་བ།  གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་དམིགས་ཚད་བཅས་ལ་གཞིགས་ནས་ཏང་ཡོན་གྱི་འགན་འཁྲི་དང་འོས་འགན་དེ་གཉིས་ཆབ་སྲིད་བྱང་ཚད་ཀྱི་སྐར་མ་དང་འགན་འཁྲི་ལག་བསྟར་གྱི་སྐར་མ།  ཕྱུག་འགྱུར་སྣེ་ཁྲིད་ཀྱི་སྐར་མ།  སྒྲིག་བཀུར་ཁྲིམས་སྲུང་གི་སྐར་མ།  ཞི་མཐུན་སྲུང་སྐྱོང་གི་སྐར་མ་བཅས་སྐར་མ་ཁག་ལྔའི་གྲངས་བཅད་གཏན་འཁེལ་བཟོས་པ་དང་།  མང་ཚོགས་ཚོར་ཏང་གཅེས་རྒྱལ་གཅེས་ཀྱི་སྐར་མ་དང་སྒྲིག་བཀུར་ཁྲིམས་སྲུང་གི་སྐར་མ།  མཐུན་སྒྲིལ་ཡར་ཐོན་གྱི་སྐར་མ།  ཁྱིམ་ཚང་འཆམ་མཐུན་གྱི་སྐར་མ།  ཕན་བདེར་སྤྲོ་བའི་སྐར་མ།  བབ་ཆགས་ཁྱིམ་སྐྱོང་གི་སྐར་མ།  ལས་བརྩོན་ཕྱུག་འགྱུར་གྱི་སྐར་མ།  བདེ་ཐང་ཤེས་དཔལ་གྱི་སྐར་མ།  གོམས་སྲོལ་གསར་གཏོད་ཀྱི་སྐར་མ།  དགེ་རྒན་ལ་བརྩི་བ་དང་སློབ་གསོར་མཐོང་ཆེན་གྱི་སྐར་མ་བཅས་སྐར་མ་རིགས་བཅུར་དབྱེ་ཡོད།

སྐར་མ་ལྔའི་ཏང་ཡོན་དང་སྐར་མ་བཅུའི་ཞིང་དུད་ཀྱི་གསར་གཏོད་དཔྱད་འདེམས་ཀྱི་ནང་དོན་ལ་དམིགས་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཁག་གིས།  མཐུན་རྐྱེན་ཧུར་ཐག་སྐྲུན་ནས་ཏང་ཡོན་དང་མང་ཚོགས་ཀྱིས་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ནང་སྐར་མ་ལྔའི་ཏང་ཡོན་དང་སྐར་མ་བཅུའི་ཞིང་དུད་གཏོད་རྒྱུར་སྐུལ་འདེད་བཏང་བ་རེད།  སྐར་མ་ལྔའི་ཏང་ཡོན་དང་སྐར་མ་བཅུའི་ཞིང་དུད་གསར་གཏོད་ཀྱི་ཚད་གཞིར་གཞིགས་ནས་གསར་གཏོད་བྱེད་སྒོའི་ཚད་གཞི་ཁག་གྲོང་ཚོའི་ཁོར་ཡུག་བཅོས་སྒྲིག་བྱེད་པ་དང་དར་སྲོལ་ངན་པར་འགྱུར་ལྡོག་གཏོང་བ།  མི་བཟང་ལས་བཟང་བྱེད་པ་སོགས་ཀྱི་བྱེད་སྒོའི་ནང་ཁྱབ་པ་བྱས་ཏེ་ཏང་ཡོན་དང་མང་ཚོགས་ཚོས་གྲོང་ཚོའི་རྣམ་པ་ལེགས་བཅོས་གཏོང་བ་དང་བཙོག་ཟིང་ཞན་གསུམ་གྱི་སྣང་ཚུལ་བཅོས་སྒྲིག་བྱེད་པའི་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་དང་།  འཐུང་ཆུ་དང་གཞུང་ལམ།  གསང་སྤྱོད།  ལྷས་ར་བཅས་ཀྱི་བསྒྱུར་བཟོའི་རྣམ་གྲངས་རང་འགུལ་ངང་ལག་བསྟར་བྱས་ཏེ་ཞིང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བཏང་ནས་བདེ་ཐང་ཡར་ཐོན་གྱི་འཚོ་བའི་རྣམ་པ་བརྩོན་ལེན་བྱེད་པ་དང་ལུགས་རྙིང་སྲོལ་ངན་དོར་བ།  བཀས་བཀོད་རྒྱུན་འཛིན་གྱི་རྨོངས་དད་བསམ་བློ་མེད་པ་བཟོ་རྒྱུ་བཅས་ལ་ཁྲིད་སྟོན་བྱས་ཡོད།  ཏང་ཡོན་དང་མང་ཚོགས་ཀྱི་བསམ་བློར་བཅིངས་འགྲོལ་གཏོང་རྒྱུ་དང་འདུ་ཤེས་འགྱུར་རྒྱུར་ཁྲིད་སྟོན་བྱས་ཏེ་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་བཏང་ཐོག་ཕྱུག་འགྱུར་སྣེ་ཁྲིད་ཀྱི་སྐར་མ་གཏོད་རྒྱུ་བརྩོན་ལེན་བྱས་པ་དང་།  ཏང་ཡོན་མང་ཚོགས་ཁྲོད་ཁ་ཕྲལ་ལ་ངོ་རྒོལ་འཐབ་རྩོད་ཀྱི་སློབ་གསོ་སྤེལ་རྒྱུར་ཁྲིད་སྟོན་བྱས་པ་དང་།  བོད་གསར་རྙིང་བསྡུར་བ་དང་ཟུང་འབྲེལ་བྱས་ནས་དྲིན་ཚོར་གྱི་སློབ་གསོ་སྤེལ་བ་དང་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ཏེ།  ཏང་ཡོན་དང་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ཐོག་གྲོང་གསེབ་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པའི་བསམ་བློའི་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།

ལོའི་སྤྱི་ཡོངས་དཔྱད་དཔོགས་དང་རིམ་པ་འཕར་ཆག་བཟོ་བ།  འགུལ་ཚུལ་གཞིར་བཟུང་གི་དོ་དམ།  དུད་ཚང་དུ་བྱང་བུ་འགེལ་བ།  གྲོང་ཚོར་བརྩི་ཐོ་བཟོ་བ་བཅས་ཀྱི་ལས་ཀའི་ལམ་སྲོལ་ལག་བསྟར་བྱས་པ་དང་།  བཀོལ་སྤྱོད་སྟབས་བདེ་བ་དང་དཔྱད་ཞིབ་བདེ་བའི་རྩ་དོན་ལ་གཞིགས་ནས་དཔྱད་ཞིབ་ཀྱི་ཚད་གཞི་སྔར་བས་ཞིབ་ཕྲ་བཟོ་བ་དང་དཔྱད་ཞིབ་ཀྱི་གོ་རིམ་ནན་དུ་བཏང་ནས་ཡོངས་བསྒྲགས་དང་འདྲ་མཉམ།  གཞུང་དྲང་བཅས་ཀྱི་ཐོག་ནས་སྐར་མ་ལྔའི་ཏང་ཡོན་དང་སྐར་མ་བཅུའི་ཞིང་དུད་དཔྱད་འདེམས་བྱས་ཡོད།  ད་བར་ལྗོངས་ཡོངས་སུ་སྐར་མ་ལྔའི་ཏང་ཡོན་དང་སྐར་མ་བཅུའི་ཞིང་དུད་གསར་གཏོད་བྱེད་སྒོ་སྤེལ་ཟིན་པའི་གྲོང་ཚོ ༡༠༠༠ ལྷག་ཙམ་ལ་སྐར་མ་ལྔ་རིམ་པའི་ཏང་ཡོན ༡༢༠༠ ཐོན་ཡོད་པ་དེས།  གྲོང་ཚོ་དེ་དག་གི་ཏང་ཡོན་སྤྱི་འབོར་གྱི་བརྒྱ་ཆ ༤༥ བཟུང་བ་དང་སྐར་མ་བརྒྱད་རིམ་པ་ཡན་གྱི་དུད་ཚང་ཁྲི་ཚོ ༢.༩ དང་གྲོང་མི་ཁྲི་ཚོ ༡༠.༦ ཡོད་པ་དེ་ཚོས།  ཁག་སོ་སོར་གྲོང་ཚོ་དེ་དག་གི་ཞིང་དུད་དང་ཞིང་འབྲོག་མང་ཚོགས་སྤྱི་འབོར་གྱི་བརྒྱ་ཆ ༤༡ དང་བརྒྱ་ཆ ༤༢ བཟུང་ཡོད་པ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]