རང་ལྗོངས་ཀྱིས་དྲ་རྒྱའི་བདེ་འཇགས་བྱ་གཞག་གོང་འཕེལ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-17

རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་རིང་།  ལྗོངས་ཡོངས་ཀྱི་ས་ཆ་ཁག་ནས་རྒྱ་ཁྱབ་ཐོག་འབྲེལ་ཡོད་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ།  ལས་བྱེད་མང་ཚོགས་ཚོའི་དྲ་རྒྱའི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ་དང༌།  དྲ་རྒྱའི་བདེ་འཇགས་ཀྱི་འགོག་རགས་བརྟན་པོ་འཛུགས་རྒྱུ་རེད།

ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་དང་སྤྱི་བདེ་ཐིང༌།  འཕྲིན་གཏོང་དོ་དམ་ཅུས་བཅས་ཀྱིས་གཙོ་གཉེར་བྱེད་པའི་ལྗོངས་ཡོངས་དྲ་རྒྱའི་བདེ་འཇགས་ཀྱི་རྩལ་ནུས་འགྲན་བསྡུར་སྐབས་དྲུག་པའི་མཐའ་བསྡུར་ཉེ་དུས་ལྷ་སར་སྤེལ་བ་དང༌།  ལྗོངས་ཡོངས་ཀྱི་ས་གནས་ཁག་དང་ལས་རིགས་ཁག་གི་འགྲན་ཞུགས་པ ༩༠ ཡིས་སྒེར་གྱི་འགྲན་བསྡུར་དང་མཉམ་སྡེབ་འགྲན་བསྡུར་ནང་ཞུགས་པ་རེད།  སྐབས་གོང་མ་དང་བསྡུར་ན།  སྐབས་འདིའི་འགྲན་བསྡུར་ཆེ་མོའི་གཞི་ཁྱོན་ཆེ་རུ་ལྡབ་གཅིག་ཕྱིན་ཡོད་པ་དང༌།  ཏང་སྲིད་དམག་དང་མང་ཚོགས།  སློབ་གྲྭ་བཅས་ཀྱི་འགྲན་ཞུགས་པ་སྐབས་འདིའི་འགྲན་བསྡུར་ནང་ཞུགས་ཡོད།  

རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་མཐུན་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཕོང་ཁུན་གྱིས།  ལྗོངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་འགན་སྲུང་ནུས་པ་ཆེ་རུ་བཏང་ནས་དྲ་རྒྱའི་བདེ་འཇགས་འགན་སྲུང་མ་ལག་ཆགས་པ་བྱས་ཏེ།  ལྗོངས་ཡོངས་སུ་དྲ་རྒྱའི་བདེ་འཇགས་བྱ་གཞག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་སྐབས་འདིའི་འགྲན་བསྡུར་གཉེར་བ་རེད་ཅེས་གསུངས།  

ད་ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་རིང༌།  ལྗོངས་ཡོངས་ཀྱི་འབྲེལ་ཡོད་ཚན་པ་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་བ་དང༌།  རང་སྐྱོང་ལྗོངས་དཔལ་འབྱོར་ཆ་འཕྲིན་ཐིང་དང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་ཐུན་མོང་ཐོག  ལྗོངས་ཡོངས་ཀྱི་བཟོ་ལས་ཚོད་འཛིན་མ་ལག་དྲ་རྒྱའི་བདེ་འཇགས་ཀྱི་སྦྱོང་བརྡར་འཛིན་གྲྭ་གཉེར་བ་མ་ཟད།  རྒྱལ་ཁབ་བཟོ་འཕྲིན་བདེ་འཇགས་གོང་འཕེལ་ཞིབ་འཇུག་ལྟེ་གནས་སུ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གདན་ཞུས་བྱས་ནས།  གྲོང་ཁྱེར༼ས་ཁུལ༽ཁག་གི་དཔལ་འབྱོར་ཆ་འཕྲིན་ཅུས་དང་གྲངས་འཛིན་མཐུན་ཚོགས།  ཁེ་ལས ༥༠ ལྷག་ཙམ་བཅས་ཀྱི་སློབ་མ ༨༠ ལྷག་ཙམ་ལ་ཡང་སྦྱོང་བརྡར་སྤྲད་པ་རེད། 
སློབ་གྲྭའི་དགེ་སློབ་ཀྱི་དྲ་རྒྱའི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་ཆེད།  ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གི་ལས་དོན་པས་ཉིན་ཤས་གོང་བོད་ལྗོངས་སློབ་ཆེན་དུ་དྲ་རྒྱའི་བདེ་འཇགས་དང་འབྲེལ་བའི་སྨྱན་སྦྱོར་གསར་པའི་དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ་སྤེལ་བ་རེད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]