ཝུའུ་དབྱིང་ཇེ་དང་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་ཀྲང་ཞའོ་ཧུང་བཅས་པ་དང་བཞུགས་མོལ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-22

ཉིན་ཤས་གོང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་ལྷ་སར་སྡོད་ཁང་འཛུགས་སྐྲུན་པུའི་ཏང་ཙུའི་ཁོངས་མི། པུའུ་ཀྲང་གཞོན་པ་ཀྲང་ཞའོ་ཧུང་བཅས་པ་དང་བཞུགས་མོལ་གནང་སྟེ།  ཕྱོགས་གཉིས་པོས་ཁ་གཏད་བོད་སྐྱོར་ལས་དོན་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།
ཆེ་དགྲ་ལྷ་དང་ཀྲང་ཞའོ་ཧུང་རྣམ་གཉིས་ད་དུང་རྒྱལ་ཡོངས་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་སུ་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཞི་པར་ཞུགས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེ་མོ་ལིའུ་ཅང༌།  སྡོད་ཁང་འཛུགས་སྐྲུན་པུའི་སྤྱི་ཁྱབ་བཟོ་བཀོད་པ་ལི་རུའུ་ཧྲེང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད།  རྒྱལ་ཡོངས་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཞི་པར་ཡང་ཞུགས་ཡོད།
ཝུའུ་དབྱིང་ཇེས་དང་ཐོག་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ།  སྡོད་ཁང་འཛུགས་སྐྲུན་པུས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས།  བོད་ལྗོངས་འདི་ཉིད་དམིགས་བསལ་མཐའ་མཚམས་མི་རིགས་ས་ཁུལ་ངོས་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་དྲོ་འཇམ་ཉི་འོད་ཀྱི་དཔལ་ལ་རོལ་བཞིན་ཡོད་པ་དང༌།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བོད་ཀྱི་ཕྱོགས་ཁག་ལས་དོན་ལ་ཁྱོན་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་གཞི་རྩ་ནི།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཞུམ་མེད་དབུ་ཁྲིད་ལ་ཐུག་པ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན།  དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ཀྱི་ཚན་རིག་དང་མཐུན་པའི་ཁྲིད་ཕྱོགས་ལ་ཐུག་ཡོད་ལ།  སྡོད་ཁང་འཛུགས་སྐྲུན་པུའུ་ཚུད་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད།  ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར།  ཀྲུང་དབྱང་ཁེ་ལས་བཅས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད་ཅེས་གསུངས་པ་མ་ཟད།  སྡོད་ཁང་འཛུགས་སྐྲུན་པུས་སྔར་རྒྱུན་བཞིན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས།  གད་སྙིགས་གཙང་སེལ་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་སོགས་ཐད་ནས་ང་ཚོར་མཛུབ་ཁྲིད་དེ་བས་མང་བ་གནང་རྒྱུ་དང་།  ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་བསམ་བློར་བཅིངས་འགྲོལ་དང་ལྟ་བར་འགྱུར་ལྡོག་བཏང་ནས།  ཆ་རྐྱེན་བཟང་པོ་ཧུར་ཐག་གཏོད་དེ་སྡོད་ཁང་འཛུགས་སྐྲུན་པུའི་ཁ་གཏད་བོད་སྐྱོར་ལས་དོན་ཐད་འགན་སྲུང་ནུས་ལྡན་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།
ཆེ་དགྲ་ལྷ་ནས།  དུས་ཡུན་རིང་པོའི་ནང་སྡོད་ཁང་འཛུགས་སྐྲུན་པུའུ་དང་རྒྱལ་ཡོངས་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས།  ཀྲུང་དབྱང་གི་འཐབ་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་ཁ་གཏད་བོད་སྐྱོར་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བས།  བོད་ཀྱི་སྡོད་ཁང་འཛུགས་སྐྲུན་བྱ་གཞག་གོང་འཕེལ་མྱུར་པོ་ཡོང་བ་བྱས་ཡོད་ཅེས་གསུངས་པ་དང་སྦྲགས།  སྡོད་ཁང་འཛུགས་སྐྲུན་པུའུ་དང་རྒྱལ་ཁབ་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས།  ལོ་ལྔ་ཚན་བཅུ་བཞི་པའི་རྣམ་གྲངས་གལ་ཆེན་ལག་བསྟར་དང༌དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་སྦྲེལ་མཐུད་གང་ལེགས་བྱེད་པ།  རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་སོགས་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐུགས་རེ་གནང་ཞིང༌།  རང་ལྗོངས་ནས་རོགས་སྐྱོར་དང་ལེན་གྱི་ལས་ཀའི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ།  དོན་ཆེན་བཞིར་དམ་འཛིན་བྱས་ཏེ་ལས་ཀའི་ཕན་འབྲས་ཐོག་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ།  ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།
ཀྲང་ཞའོ་ཧུང་ནས།  སྡོད་ཁང་འཛུགས་སྐྲུན་པུའི་ཏང་ཙུའུ་ཡིས་ཁ་གཏད་བོད་སྐྱོར་དང་ཞིང་ཆེན་བཞིའི་བོད་དང་འབྲེལ་བའི་ཁུལ་དང་རྫོང་གི་ལས་དོན་ལ་མཐོང་ཆེན་བྱས་ནས།  ལོ་ལྔ་ཚན་བཅུ་གསུམ་པའི་རིང་ཁོངས་གཏོགས་ཡོངས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས་པ་དང་སྦྲགས།  ལོ་ལྔ་ཚན་བཅུ་བཞི་པའི་རིང་རྒྱལ་ཡོངས་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ནས་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྤུས་འབྲས་ལེགས་གཏོང་དང་རྨང་གཞིའི་སྒྲིག་བཀོད་འཐུས་ཚང༌།  སྡོད་ཁང་འགན་སྲུང༌།  གྲོང་གསེབ་འཛུགས་སྐྲུན།  གྲོང་ཁྱེར་བཅོས་སྐྱོང༌།  མཐའ་མཚམས་ས་ཁུལ་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་དགོས་པ་དང༌།  གྲོང་ཁྱེར ༼ གྲོང་རྡལ ༽གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཆད་སྐྱོན་གང་མགྱོགས་གསབ་ནས།  གྲོང་ཁྱེར ༼ གྲོང་རྡལ ༽གྱི་གྲོང་ཁུལ་རྙིང་པ་བསྒྱུར་བཟོ་སོགས་དམངས་འཚོའི་དོན་དངོས་བྱ་བ་ཡག་པོ་སྒྲུབ་དགོས་པ།  མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས།  མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་།  མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཡག་ཏུ་གཏོང་རྒྱུར་རོགས་རམ་བྱེད་དགོས་པ།  ཡུན་རིང་བོད་སྐྱོར་དང་བོད་སྐྱོར་གནད་འཕིགས་རྒྱུན་འཁྱོངས་བྱས་ནས་སྤེལ་རེས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ།  ཁ་གཏད་བོད་སྐྱོར་དང་ཞིང་ཆེན་བཞིའི་བོད་དང་འབྲེལ་བའི་ཁུལ་དང་རྫོང་གི་ལས་དོན་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

བོད་དུ་ཞུགས་རིང་ཀྲང་ཞའོ་ཧུང་དང་བཅས་པས་ད་དུང་ལྷ་ས་དང་གཞིས་རྩེར་བརྟག་ཞིབ་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]