རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཙོ་གཉེར་བྱས་པའི་སྤྱི་ལོ ༢༠༢༡ ལོའི་ལྗོངས་ཡོངས་ཀྱི་ལས་བཟོའི་དྲིལ་བསྒྲགས་བསམ་བློ་རིག་གནས་གཅིག་བྱས་པ་བདུན་གྱི་ལས་གཞིའི་མུ་འབྲེལ་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་ལྷ་སར་སྤེལ་བ་དང༌། རང་ལྗོངས་ལས་ཁུངས་ཁག་དང་ཁེ་ལས་ཁག་གི་ལས་བཟོའི་འཐུས་མི ༩༠ གྲུབ་འབྲས་འགྲེམས་སྟོན་བྱེད་སྒོར་ཞུགས་པ་རེད།
ད་རེས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོའི་ཐོག་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་པའི་གློག་བརྙན་ཐུང་གྲས་དང་སློབ་ཚན་ཐུང་གྲས། བརྩམས་བྱ་བསྡུ་བ། པར་ལེན་བརྩམས་བྱ། གསར་འགྱུར་བརྩམས་བྱ་སོགས་སྟོང་ཁ་ལོན་པ་བསྡུས་ནས་ཧྲག་འདེམས་ནན་པོ་བྱས་པ་བརྒྱུད་ཁྱོན་བརྩམས་བྱ ༧༡ ལ་བྱ་དགའ་སྤྲད་ཡོད། བྱེད་སྒོ་དེས་ལས་བཟོ་པའི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལས་བཟོ་པའི་བྱང་ཚད་མཐོ་རུ་གཏོང་རྒྱུས་ནང་དོན་གཙོ་བོ་བྱས་ཏེ། མཉམ་འབྲེལ་དྲ་རྒྱའི་རིག་གནས་ཀྱིས་གཙོ་གནད་བྱས་པའི་གཅིག་བྱས་པ་བདུན་གྱི་ལས་བཟོ་པའི་རིག་གནས་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་ནས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་ཆེད་ལས་བཟོ་པའི་སྟོབས་ཤུགས་གཅིག་སྒྲིལ་ཐུབ་པ་བྱས་ཡོད།
རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་དྲིལ་བསྒྲགས་སློབ་གསོ་དྲ་བ་པུའི་པུའུ་ཀྲང་ལོ་ཧུང་བོང་ནས། གོམ་སྟབས་རྗེས་མར་ལས་བཟོ་པའི་རིག་གནས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དེ། བཟོ་ཚོགས་ཀྱིས་ལས་བཟོ་པར་ཞབས་ཞུ་སྒྲུབ་པའི་དམིགས་ཡུལ་དུ་འཛིན་རྒྱུ་དང་ལས་བཟོ་པར་འབྲེལ་བ་བྱེད་སའི་སྟེགས་བུ་གལ་ཆེན་ལ་འགྱུར་བ་བྱས་ཏེ། ལས་བཟོ་པའི་དྲིལ་བསྒྲགས་བསམ་བློ་རིག་གནས་དེ་རྒྱུན་རྣམ་ཅན་གྱི་ལས་ཀར་བརྩི་རྒྱུ་དང་ལས་བཟོ་པའི་ངལ་རྩོལ་གཏམ་རྒྱུད་ཀྱི་གློག་བརྙན་ཐུང་ངུ་། ངལ་རྩོལ་དཔེ་བཟང་དང་བཟོ་བོའི་ལག་རྩལ་གྱི་སློབ་ཚན་ཐུང་གྲས། ངལ་རྩོལ་གཏམ་རྒྱུད་མཚོན་པའི་རྩོམ་ཡིག་བསྡུ་ལེན། སྙན་ངག ལྷུག་རྩོམ་སོགས་བརྒྱུད་ལས་བཟོ་པའི་རིག་གནས་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་མ་ལག་ནང་མཉམ་འདྲེས་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།།